ཞི་ཅིན་ཕིང་གིས་མཁའ་མཆོང་དམག་ལ་གཟིགས་ཞིབ་གནང་སྐབས་ནན་བཤད་གནང་དོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-11-07   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

ཕྱོགས་ཡོངས་ནས་དམག་སྦྱོང་དམག་གྲབས་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཁའ་མཆོང་དམག་འཐབ་ནུས་པ་ཆེ་རུ་བཏང་སྟེ་དེང་རབས་ཅན་གྱི་མཁའ་མཆོང་དམག་གི་དཔུང་སྡེ་སྟོབས་ཆེན་ཞིག་ཧུར་ཐག་སྐྲུན་དགོས།

    

    ཟླ་11ཚེས་4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཁའ་མཆོང་དམག་ལ་གཟིགས་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་མཁའ་མཆོང་དམག་གི་དཔོན་དམག་འཐུས་མིར་མཇལ་འཕྲད་གནང་བཞིན་པ།

    

    ཟླ་11ཚེས་4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཁའ་མཆོང་དམག་ལ་གཟིགས་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་མཁའ་མཆོང་དམག་གི་དམག་དོན་ལོ་རྒྱུས་ཁང་ལ་གཟིགས་སྐོར་གནང་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཤའོ་ཀན་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཁའ་མཆོང་དམག་ལ་གཟིགས་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་རང་དམག་གི་སྟོབས་ཤུགས་མ་ལག་དང་དམག་འཐབ་མ་ལག་ཁྲོད་མཁའ་མཆོང་དམག་གི་དཔུང་སྡེར་དམིགས་བསལ་གྱི་ནུས་པ་གལ་ཆེན་ལྡན་ཡོད་པས་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། མཁའ་དམག་ཕྱོགས་སྒྱུར་འཛུགས་སྐྱོང་གི་བླང་བྱ་དོན་འཁྱོལ་བྱེད་པ། དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། མཁའ་མཆོང་དམག་འཐབ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དེང་རབས་ཅན་གྱི་མཁའ་མཆོང་དམག་གི་དཔུང་སྡེ་སྟོབས་ཆེན་ཞིག་ཧུར་ཐག་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    སྟོན་མཇུག་ཏུ་ཧུའུ་པེའི་ས་གཞི་ཆེན་པོར་གསེར་མདོག་གོས་ཀྱིས་བཀླུབས་ཤིང་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད། ཕྱི་དྲོའི་ཆུ་ཚོད་3པ་ཡོལ་ཙམ་ལ་ཞི་ཅིན་ཕིང་མཁའ་མཆོང་དམག་གི་ལས་ཁུངས་སུ་ཕེབས་པ་དང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་མཁའ་མཆོང་དམག་གི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།

    ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་རྗེས་ཞི་ཅིན་ཕིང་གིས་མཁའ་མཆོང་དམག་འཐབ་དང་འགན་ལེན་གོ་མཚོན་ལ་གཟིགས་པ་དང་། དཔེ་མཚོན་གྱི་གོ་མཚོན་ལག་རྩལ་དང་འཐབ་ནུས་མཁྱེན་རྟོགས་ཞིབ་ཕྲ་གནང་བ། འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་བཅས་གསན་པ་རེད། ལོ་འདི་དག་ནང་མཁའ་མཆོང་དམག་གི་དཔུང་སྡེའི་གོ་མཚོན་མ་ལག་འཛུགས་སྐྱོང་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་མཁྱེན་སྐབས་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་ཡོད། ཁོང་གིས་དམག་འཐབ་ཀྱི་དགོས་མཁོའི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། མཁའ་མཆོང་སྒྲིག་ཆས་ཚད་ལྡན་ཅན་དང་། མ་ལག་ཅན། ཀུན་འཕྲོད་ཅན་བཅས་ཀྱི་འཛུགས་སྐྲུན་དང་དངོས་འཐབ་ཅན་གྱི་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། མཁའ་མཆོང་སྒྲིག་ཆས་ཀྱི་མ་ལག་གསར་པ་འཛུགས་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    དེ་རྗེས་ཞི་ཅིན་ཕིང་གིས་མཁའ་མཆོང་དམག་གི་དམག་དོན་ལོ་རྒྱུས་ཁང་ལ་གཟིགས་སྐོར་གནང་ཞིང་། དམག་དཔུང་དེ་ནི་ལོ་རྒྱུས་གཏིང་ཟབ་ལ་བྱས་རྗེས་གཟེངས་སུ་ཐོན་པའི་དཔའ་བོའི་དཔུང་སྡེ་ཞིག་ཡིན་པ་དང་། གསར་བརྗེའི་དམག་འཁྲུག་གི་ལོ་རབས་སུ་དམག་འཁྲུག་གི་མེ་ལྕེའི་ཉམས་སད་ཐེག་པ། ཨ་འགོག་ཁྲའོ་རོགས་དམག་འཁྲུག་གི་ཧྲང་ཀན་ལིང་གཡུལ་འགྱེད་ཁྲོད་རྒྱལ་ཁབ་ཀྱི་ཟིལ་ཤུགས་དང་དམག་དཔུང་གི་ཟིལ་ཤུགས་མངོན་པར་བྱས་པ། ཞི་བདེ་འཛུགས་སྐྲུན་གྱི་དུས་སྐབས་སུ་ལས་འགན་གལ་ཆེན་རབ་དང་རིམ་པ་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་སྒྲུབ་བྱས་པ་མ་ཟད། དེའི་རིང་དཔའ་བོའི་ཚོགས་སྤྱི་དང་དཔའ་བོ་དཔེ་བཟང་བ་འབོར་ཆེན་ཐོན་ཡོད། ཞི་ཅིན་ཕིང་གིས་འགྲེམས་སྟོན་ལ་ཞིབ་ཕྲ་གཟིགས་ནས་འགྲེལ་བཤད་ནན་ཏན་གསན། ཁོང་གིས་ཚང་མར་གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་ཡག་པོ་སྤྱད་དེ་དཔོན་དམག་ལ་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་ཡག་པོ་བཏང་ནས་དུས་རབས་གསར་པའི་དཔའ་བོའི་རྒྱུན་འཛིན་པ་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།

    མཁའ་མཆོང་དམག་གི་ལས་དོན་སྙན་སེང་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མཁའ་མཆོང་དམག་གི་དཔུང་སྡེ་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་དམག་གྲབས་གཡུལ་འགྱེད་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལས་དོན་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་དགོས།

     དེང་རབས་དམག་འཁྲུག་གི་མཁའ་མཆོང་སྟོབས་ཤུགས་སྤྱོད་པའི་ཁྱད་ཆོས་དང་ཆོས་ཉིད་སྟངས་འཛིན་དང་། མཁའ་མཆོང་དམག་འཐབ་ཀྱི་བསམ་ཕྱོགས་དང་འདུ་ཤེས་གསར་སྒྱུར། དམག་འཐབ་བྱེད་སྟངས་དང་དམག་ཤུགས་སྤྱོད་སྟངས་གསར་གཏོད་བཅས་བྱས་ནས་མཁའ་མཆོང་དམག་གི་དཔུང་སྡེའི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་དགོས། རྨང་གཞིའི་སྦྱོང་བརྡར་དང་གཙོ་གནད་དང་དཀའ་གནད་ཆེ་བའི་སློབ་ཚན་གྱི་ཆེད་དོན་ནང་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་། རྙོག་འཛིང་ཆེ་ལ་དཀའ་ངལ་ཆེ་བའི་གནས་ཚུལ་ལ་གཞི་ཚུགས་ནས་རྒྱུ་རྐྱེན་གཙོ་བོ་ཆ་ཚང་བ་དང་། མ་ལག་ཆགས་པ། དངོས་དཔེ་ཅན་བཅས་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། དམག་རིགས་གཞན་གྱི་དཔུང་རིགས་དང་མཉམ་དུ་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། དམག་འཐབ་སྦྱོང་བརྡར་སྣེ་སྦྲེལ་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཉམ་འབྲེལ་བཀོད་འདོམས་དང་། མཉམ་འབྲེལ་བྱ་སྤྱོད། མཉམ་འབྲེལ་འགན་ལེན་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། མ་ལག་འཛུགས་སྐྱོང་གི་བསམ་བློ་ལག་བསྟར་བྱས་ནས་མཁའ་མཆོང་དམག་འཐབ་ཀྱི་སྟོབས་ཤུགས་འཛུགས་སྐྱོང་ལ་སྤྱི་འདོམས་དང་ཤུགས་སྣོན་རྒྱག་པ་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྦྲེལ་ཐག་ཆ་ཚང་བར་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་མ་ལག་ཆགས་པ་དང་དམག་འཐབ་ནུས་པ་ཆགས་པར་བྱེད་དགོས། འཐབ་ནུས་གསར་མ་འཛུགས་སྐྱོང་གི་ལག་ལེན་དང་འཚོལ་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་སྔོན་ཐོན་གྱི་ཚན་རྩལ་གྲུབ་འབྲས་སྤྱད་དེ་མཁའ་མཆོང་དམག་གི་དཔུང་སྡེ་འཛུགས་སྐྱོང་ལ་ནུས་པ་སྦྱིན་པ་དང་ཕན་འབྲས་ཆེ་རུ་གཏོང་དགོས་ལ། འཐབ་ནུས་ཆགས་ཐབས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། དམག་དཔུང་འཛུགས་པའི་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུར་དམིགས་པ་དང་། མཁའ་མཆོང་དམག་འཐབ་ཀྱི་སྲོག་ཤིང་ནུས་པར་དམ་འཛིན། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བཅས་བྱས་ནས་དུས་བཀག་ལྟར་སྔོན་གཏན་འཁེལ་བའི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་རྒྱུ་མཐའ་འཁྱོངས་ཀྱིས་མཁའ་མཆོང་དམག་གི་དཔུང་སྡེ་འཛུགས་སྐྱོང་དང་འཆར་འགོད་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་དམིགས་ཚད་ཀྱི་རེའུ་མིག་དང་། ལམ་ཐིག་གི་ས་བཀྲ། ཨར་ལས་ཀྱི་འཆར་འགོད་རེའུ་མིག་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་དབྱང་དམག་ཨུད་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱས་ནས་ཆབ་སྲིད་ལས་དོན་གྱི་ཟིལ་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ་མཁའ་མཆོང་དམག་གི་དཔུང་སྡེ་འཛུགས་སྐྱོང་བྱ་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས། ཆབ་སྲིད་ཀྱི་དག་ཐེར་སྦྱོང་བརྡར་གཏིང་ཟབ་ཏུ་གཏོང་བ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ལ་འཇོན་ཐང་ཆེ་བའི་སྲ་ཞིང་བརྟན་པའི་ཏང་རྩ་འཛུགས་འཛུགས་པ། དཔོན་དམག་ཉེ་འགྲམ་གྱི་རུལ་སུངས་གནད་དོན་དང་ཚུལ་མིན་སྤྱོད་ཚུལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་བཅས་བྱས་ཏེ། དཔའ་བོའི་དཔུང་སྡེ་ཐོག་མཐའ་བར་གསུམ་དུ་དྭངས་གཙང་དང་གཟི་བརྗིད་ལྡན་པའི་འགན་ལེན་བྱེད་དགོས། ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་པོ་མཐའ་འཁྱོངས་ཀྱིས་དམག་འཐབ་ཀྱི་སྙིང་སྟོབས་སྐྱེད་སྲིང་ལ་ཤུགས་སྣོན་རྒྱག་པ་དང་། ལག་ལེན་ཁྲོད་སྦྱོང་བརྡར་དང་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། མཁའ་མཆོང་དམག་མི་ཁོ་ནར་ལྡན་པའི་དཔའ་ངར་ཞུམ་མེད་ཀྱི་རང་གཤིས་གསོ་སྐྱོང་བཅས་བྱེད་དགོས། ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་དམག་དཔུང་ནན་པོ་སྐྱོང་བའི་བླང་བྱ་ལག་ལེན་མཐར་ཕྱིན་བསྟར་ནས་སློབ་གསོ་དང་དོ་དམ་ནན་པོ་བྱེད་པ་དང་སྒྲིག་ལམ་ནན་པོ་རྒྱུན་འཁྱོངས་བྱས་ཏེ་དཔུང་སྡེ་ཚད་མཐོའི་གཅིག་སྡུད་གཅིག་གྱུར་དང་བདེ་འཇགས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། རིམ་པ་ཁག་གིས་གཙོ་གནད་གཤམ་སྒྱུར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བའི་ལས་དོན་ཡག་པོ་སྒྲུབ་པ་དང་། ལྷག་བསམ་ཟོལ་མེད་ངང་དཔོན་དམག་གི་སེམས་ཁྲལ་དང་དཀའ་ངལ་སེལ་བ། རྒྱ་ཆེའི་དཔོན་དམག་གི་མཐུན་སྒྲིལ་འབད་འཐབ་དང་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་འཕེལ་བ་བཅས་བྱས་ཏེ་ཕྱར་བ་གྲུ་འདེགས་ངང་མཁའ་མཆོང་དམག་གི་དཔུང་སྡེ་འཛུགས་སྐྱོང་གི་རྣམ་པ་གསར་པ་གཏོད་དགོས།