བརྩེ་བའི་ལག་རྡང་དམ་པོར་སྦྲེལ། སྐྱིད་པའི་སྐོར་བྲོ་མཉམ་དུ་འཁྲབ།

རྩོམ་པ་པོ།   པདྨ་མཚོ།  ཡིག་བསྒྱུར།       དུས་ཚོད།   2024-11-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    པེ་ཅིང་གསེར་གྱི་རི་ལ།གསེར་གྱི་ཉི་མ་ཤར་བྱུང་།གསེར་གྱི་ཉི་མ།གསེར་གྱི་ཉི་མ།གསེར་གྱི་ཉི་མ་ཤར་བྱུང་།གསེར་གྱི་ཉི་མ་མ་རེད།མོའོ་ཀྲུའུ་ཞི་ཡི་འོད་ལ་ཟེར། ས་སྲོད་ཀྱི་དུས་སུ།སྙན་ཞིང་འཇེབས་པའི་གླུ་སྒྲ་གྲགས་པ་དང་བསྟུན་ནས།རྡོ་མཁར་རྫོང་གི་ཕྱོགས་བཞིའི་སྲང་ལམ་གྱི་ཐང་ཆེན་དུ་བོད་ལྭ་དང་འཇང་ལྭ།ལི་སུའུ་རིགས་ཀྱི་ལྭ་བ་གོན་མཁན་གྱི་མི་སྐོར་ཞིག་སྐོར་བྲོ་འཁྲབ་འགོ་བརྩམས་བྱུང་། ཁོང་ཚོས་སྙན་མོའི་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་སྐོར་བྲོ་འཁྲབ་འགོ་བརྩམས་རྗེས།ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་རྣམས་ཡང་གཅིག་རྗེས་གཉིས་མཐུད་ཀྱིས་བརྩེ་བའི་ལག་རྡང་དམ་པོར་སྦྲེལ་ནས།སྐྱིད་པའི་སྐོར་བྲོ་མཉམ་དུ་འཁྲབ་ལ་མཐུན་སྒྲིལ་གྱི་ཨ་ལོང་མཉམ་དུ་སྦྲེལ། ཁོང་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བའི་ཞབས་བྲོའི་སྟངས་སྟབས་ཐོག་ནས་བདེ་ཆེན་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་དང་རིག་གནས་ཀྱི་སྙིང་བཅུད་མངོན་པ་མ་ཟད། མི་རིགས་ཁག་དབར་གྱི་ཆེས་མཛེས་སྡུག་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་བསམ་འདུན་ཐུན་མོང་ཐོག་མཚོན་པར་བྱས་པ་རེད།    

        དགའ་བའི་སྐོར་བྲོ་མཉམ་དུ་འཁྲབ།

    སྐོར་བྲོ་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཞབས་བྲོ་ཞིག་ཡིན་ལ། དེ་ནི་བོད་ཀྱི་མཚར་སྡུག་འོད་སྟོང་འཕྲོ་བའི་མི་རིགས་རིག་གནས་ཁྲོད་ཀྱི་ལྟ་ན་སྡུག་པའི་རིག་གནས་ཀྱི་མིང་བྱང་ཞིག་ཀྱང་ཡིན།སྐོར་བྲོ་ཡིས་བོད་མི་རིགས་ཀྱི་རིག་གནས་བརྒྱུད་སྤེལ་དང་བོད་མིའི་བདེ་སྐྱིད་ལྡན་པའི་འཚོ་བའི་སྣང་བརྙན་ཤིག་ཀྱང་མཚོན་པར་བྱས་ཡོད། 2006ལོར་སྐོར་བྲོ་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་ཐོའི་ནང་འཇུག་རྒྱུའི་ཆོག་མཆན་ཐོབ་པ་རེད།

    ཕ་ཡུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ཐང་སྨད་གྲོང་ཚོའི་ཨ་ཅེ་ཨ་སྒྲོན་ནི་ལས་འཁྱུར་ངལ་གསོ་བ་ཞིག་ཡིན། མོས་ལུས་སུ་བོད་ལྭ་གོན་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཤམ་བྷ་ལ་སྤྱི་གླིང་དུ་སྐོར་བྲོ་རྩེད་རུ་འགྲོ་བར་ཆས། མོས་བཤད་རྒྱུར།ང་རང་སྐོར་བྲོ་འཁྲབ་ནས་ལོ་གཉིས་སོང་ཡོད། དེ་སྔོན་ལས་འགྱུར་ངལ་གསོ་བྱས་མ་ཐག ཉིན་རྒྱུན་ཧ་ཅང་ཁོམ་པས་ཅི་བྱེད་རྒྱུ་ཡང་མི་ཤེས།དུས་ད་ལྟ་ཉིན་རྒྱུན་སྐོར་བྲོ་རྩེད་རུ་འགྲོ་གི་ཡོད་པས། ཡིད་སེམས་ཧ་ཅང་སྐྱིད་པ་མ་ཟད།ལུས་ཁམས་ཡང་བདེ། སྐོར་བྲོ་འཁྲབ་པ་བརྒྱུད་ང་རང་མི་རིགས་གཞན་པའི་གྲོགས་པོ་མང་པོ་ངོ་ཤེས་པ་མ་ཟད། མི་རིགས་གཞན་གྱི་ཞབས་བྲོ་ཡང་འཁྲབ་ཤེས། ང་ཚོའི་སྐོར་བྲོ་ཚོགས་པ་འདི་རུ་བོད་རིགས་དང་འཇང་རིགས། ལི་སུའུ་རིགས་སོགས་མི་རིགས་དྲུག་བདུན་ཡོད་ལ། ཚོགས་པའི་ནང་གི་གྲོགས་པོའི་ནང་མི་གཉེན་སྒྲིག་སོགས་བྱེད་སྐབས་ང་ཚོའི་སྐོར་བྲོ་འཁྲབ་དུ་འགྲོ་གི་ཡོད། སྤུན་ཟླ་མི་རིགས་བར་གྱི་འབྲེལ་བ་ཧ་ཅང་བཟང་། ང་ཚོའི་ཕན་ཚུན་བར་ཁྱིམ་ཚང་གཅིག་ལྟར་བརྩེ་ཅེས་བཤད་བྱུང་།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཤམ་བྷ་ལ་གྲོང་རྡལ་ཆུང་ངུ་རུ་གཞིས་སྡོད་བྱས་པའི་གྲོང་མི་ཧོ་ཅིན་མིང་ནི་འབང་ལུང་རྫོང་པོ་ཧོ་གྲོང་རྡལ་གྱི་གྲོང་མི་ཡིན་ལ།མོ་ཡང་སྐོར་བྲོ་འཁྲབ་རྒྱུ་ཤིན་ཏུ་དགའ།དེ་སྔོན་མོས་དགོང་ཇ་འཐུང་ཚར་རྗེས། དུས་རྒྱུན་དུ་རྡོ་མཁར་རྫོང་དང་དཀྱིལ་འཁོར་ཐང་ཆེན་སོགས་སུ་སྐོར་བྲོ་འཁྲབ་དུ་སོང་ནས་ལུས་ཕུང་སྦྱོང་བརྡར་བྱེད་ཀྱི་ཡོད། ལོ་གང་མང་ལ་སྐོར་བྲོ་འཁྲབ་པ་བརྒྱུད། གྲོགས་པོ་མང་པོ་ཤིག་ངོ་ཤེས་སོང་། སྐད་འཕྲིན་གྱི་ཚོགས་པ་ཡང་ཡོད། བདེ་ཆེན་དུ་མི་རིགས་མང་པོ་ཡོད་ལ་དུས་ཆེན་ཡང་ཤིན་ཏུ་མང་། གྲོགས་པོ་རྣམས་ཀྱིས་རང་མི་རིགས་ཀྱི་དུས་ཆེན་ཐོན་ཚེ།མཉམ་དུ་དུས་ཆེན་ལ་རོལ་ནས་མི་རིགས་ཁག་གི་རིག་གནས་ལ་རྒྱུས་ལོན་དང་དགའ་སྟོན་བྱེད་ཀྱི་ཡོད། ད་ལོར་ང་ཚོས་མཉམ་དུ་དབྱི་རིགས་ཀྱི་དཔལ་འབར་དུས་ཆེན་ལ་རོལ་ལ་མ་ཟད། བོད་མི་རིགས་ཀྱི་ལྔ་བའི་རྟ་རྒྱུག་གི་སྐབས་སུ་ཡང་མཉམ་དུ་རྟ་རྒྱུག་ལ་ལྟ་བ་དང་སྤྲོ་གསེང་གཏོང་ནས་དུས་ཆེན་ལ་རོལ་བ་ཡིན། སྤུན་ཟླ་མི་རིགས་བར་ཕན་ཚུན་སྤེལ་རེས་དང་འབྲེལ་འདྲེས།རོགས་རམ་བྱེད་གི་ཡོད།དེ་མིན་ང་ཚོས་དུས་རྒྱུན་དུ་རྐང་ཐང་དུ་འགྲོ་བ་དང་རི་ལ་འཛེགས་པ།མཉམ་དུ་སྐོར་བྲོ་འགྲེམ་འཁྲབ་དུ་འགྲོ་བ་སོགས་ཀྱི་བྱ་འགུལ་ཡང་སྣ་མང་སྤེལ་བཞིན་ཡོད་ཅེས་བཤད་བྱུང་།

    ཉེ་བའི་ལོ་ཤས་རིང་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་སྔར་ལས་ལེགས་སུ་ཕྱིན་པ་དང་།སྐྱོན་བྲལ་དང་ཡ་རབས་ཚུལ་ལྡན་གྱི་འཚོ་བ་སྐྱེལ་སྟངས་ཀྱང་དར་སྲོལ་དུ་གྱུར་ཡོད།སྐོར་བྲོ་ལྟ་བུའི་རང་འདོད་རང་བཞིན་དང་འཁྲབ་སྟོན་རང་བཞིན་གཞི་གཅིག་ཏུ་འདྲེས་ནས་ལུས་སྦྱོང་དང་།ཁམས་བདེ་སོགས་ཀྱི་ནུས་པ་ཐོན་ཐུབ་པའི་ཞབས་བྲོ་དེ་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་པོ་བྱེད་པ་དང་འཚོ་བ་བསུ་སྟངས་ཤིག་ཏུ་གྱུར་ཡོད་པས།མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད་མི་རིགས་ཁག་དབར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ལ་དེ་བས་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ཆེད་སོ་ཕག་དང་རྫ་གཡམ་བསྣན་ཡོད་པ་མ་ཟད། གྲོང་ཁྱེར་གྱི་ཤེས་དཔལ་དར་སྲོལ་གསར་པ་གཏོད་པ་དང་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་བཞིན་ཡོད་པ་རེད།

    མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད།

    རྡོ་མཁར་རྫོང་ལ་ལོ་ངོ1300ལྷག་གི་ལོ་རྒྱུས་ལྡན་པ་དང་།དེ་ནི་སྔོན་ཆད་བོད་འབྲེལ་ས་ཁུལ་དང་ཡུན་ནན་གྱི་མི་རིགས་རིག་གནས་འབྲེལ་འདྲིས་བྱེད་པའི་སྒེའུ་ཁུང་དང་། ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ས་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་བྱེད་པའི་ལྟེ་བའང་ཡིན་པ་རེད།དུས་ད་ལྟའང་གནས་འདི་ནི་བོད་རིགས་ཀྱིས་གཙོ་བྱས་པའི་མི་རིགས་མང་འདུས་སྡོད་ཁུལ་ཞིག་ཡིན་པ་དང་མི་རིགས་ཁག་མཐུན་སྒྲིལ་འཆམ་མཐུན་དང་མི་རིགས་སྣ་མང་གི་རིག་གནས་མཉམ་འདྲེས་མཉམ་གནས། ཞི་མཐུན་འཕེལ་རྒྱས་སོགས་བྱས་ནས་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་ཀྱི་མཛེས་ལྗོངས་ཤིག་ཆགས་ཡོད་པ་མ་ཟད། ཡུལ་སྐོར་བ་དང་ཡུལ་མི་རྣམས་ཀྱིས་ཕན་ཚུན་བརྩེ་བའི་ལག་རྡང་མཉམ་དུ་སྦྲེལ་ནས།གཅིག་ལ་གཅིག་བརྟེན་གྱིས་འཆམ་མཐུན་གྱི་སྐོར་བྲོ་འཁྲབ་ནས་མི་རིགས་མཐུན་སྒྲིལ་གྱི་སྒོར་དབྱིབས་འབྲི་བཞིན་པའང་སེམས་ཀྱི་ཉི་ཟླའི་མིང་བྱང་ལྟ་བུར་གྱུར་ཡོད།

    ཧྥུ་ཅན་ནས་ཡོང་བའི་ཀྲང་ལིང་བཟའ་ཟླ་གཉིས་ཀྱིས་རྡོ་མཁར་རྫོང་ཕྱོགས་བཞིའི་སྲང་ལམ་དུ་སྐོར་བྲོའི་གླུ་དབྱངས་དང་བསྟུན་ནས་མི་ཚོགས་སུ་ཁྲོད་དུ་སྐོར་བྲོ་འཁྲབ་བཞིན་འདུག སྐུ་ཞབས་ཀྲང་ལིང་གིས་ཁོ་རང་ཐེངས་དང་པོར་སེམས་ཀྱི་ཉི་ཟླར་ཡོང་བ་ཡིན། རྡོ་མཁར་རྫོང་དུ་འདུ་འཛི་རབ་ཏུ་ཆེ།དེ་རིང་རྡོ་མཁར་རྫོང་ནས་བོད་ཟས་ལ་རོལ་བ་མ་ཟད། བོད་ལྭ་གོན་ནས་སྒྱུ་རྩལ་གྱི་པར་ཡང་བརྒྱབ་པ་ཡིན། ད་ནི་སྐོར་བྲོ་ཡང་འཁྲབ་པས།སེམས་པ་དངོས་ནས་སྐྱིད་བྱུང་། གནས་འདིའི་སྐོར་བྲོ་ནི་མི་རིགས་མང་པོའི་བྲོ་མཉམ་དུ་འདུས་ཡོད།འདི་ལ་དངོས་ནས་རང་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། ད་ནི་ང་རང་མི་རིགས་ལྔ་དང་དྲུག་གི་ཞབས་བྲོ་འཁྲབ་ཤེས་ཞེས་ཟེར་ན་ཆོག་ཅེས་ཀུ་རེ་རྩེད་ཞོར་དུ་བཤད་བྱུང་།

    རྡོ་མཁར་རྫོང་ཕྱོགས་བཞི་སྲང་ལམ་དུ་ཟ་ཁང་འབྱེད་བཞིན་པའི་སྤྱིན་བདག་ཨུ་ཁུ་པད་མ་རྒྱལ་ནི་སེམས་ཀྱི་ཉི་ཟླ་རུ་བོད་ཟས་ཀྱི་ཟ་ཁང་ཕྱེས་ནས་ལོ་མང་པོ་འགོར་ཡོད། ཁོང་གིས་བདེ་ཆེན་གྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་སོང་བ་དང་བསྟུན། སེམས་ཀྱི་ཉི་ཟླར་འོང་མཁན་གྱི་ཡུལ་སྐོར་བའང་དེ་སྔོན་ལས་མང་། རྡོ་མཁར་རྫོང་དུའང་ཚོང་ཁང་དང་ཟ་ཁང་འབྱེད་མཁན་ཡང་དེ་སྔོན་ལས་ཇེ་མང་དུ་སོང་འདུག  ཁོང་ཚང་གི་ཟ་ཁང་འདི་ནས་སྐོར་བྲོ་ལ་བལྟས་ཆོག  ཡུལ་སྐོར་བ་འགའ་རེས་ཕྱི་དྲོ་ནས་བཟུང་ཟ་ཁང་དུ་འོང་ནས་སྐོར་བྲོ་འཁྲབ་རྒྱུ་ལ་སྒུག་འདུག  དགོང་མོའི་སྐབས་སུ་ཕྱོགས་བཞིའི་སྲང་ལམ་གྱི་ཐང་ཆེན་དུ་མི་ཚོགས་ཀྱིས་བཀང་འདུག་ལ། ངེད་ཚང་དུ་ཟ་ཁང་དུའང་མགྲོན་པོས་ཁེངས་འདུག་ཅེས་ངོ་ལ་འཛུམ་དང་བཅས་པའི་བཤད་བྱུང་།

རྡོ་མཁར་རྫོང་དུ་མི་རིགས་ཁག་གི་རིག་གནས་སྣ་མང་ལ་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་བྱས་ཡོད་དེ། བོད་ཀྱི་ལོ་གསར་དང་དབྱི་རིགས་ཀྱི་དཔལ་འབར་དུས་ཆེན་སོགས་མི་རིགས་ཁག་གི་དུས་ཆེན་གང་ཡིན་རུང་ཚང་མས་མཉམ་དུ་དུས་ཆེན་ལ་རོལ་ནས་མི་རིགས་ཁག་གི་རིག་གནས་མཉམ་དུ་རོལ་ནས་ཁྱིམ་ཚང་གཅིག་ལྟར་བརྩེ། གཞན་རྡོ་མཁར་རྫོང་དུ་ཁྱིམ་ཚང་གཅིག་ལ་མི་རིགས་དྲུག་བདུན་ཡོད་པའི་ཁྱིམ་ཚང་ཡང་ཡོད་པས། སྣ་མང་རིག་གནས་མཉམ་འདྲེས་དང་སྤེལ་རེས་བྱེད་པའི་གཞི་རྟེན་དུ་གྱུར་ནས་མི་རིགས་ཁག་གི་མང་ཚོགས་གནས་འདི་ནས་འཆམ་འཐུན་མཉམ་གནས་ཀྱི་བདེ་སྐྱིད་འཚོ་བ་རོལ་དང་རོལ་བཞིན་ཡོད།

    སྐྱིད་པའི་འཚོ་བར་བསྟོད་གླུ་ལེན།

    སྤྲིན་དཀར་གྱི་བང་རིམ་གསེང་ནས་དཀར་གསལ་ཟླ་བ་དལ་བུར་ཤར་བ་དང་བསྟུན།ངོ་མཚར་མཛེས་དགུས་མིག་ཟུང་དབང་མེད་པའི་འཕྲོག་པའི་རྡོ་མཁར་རྫོང་ནི་གསོན་ཤུགས་རྣམ་པར་རྒྱས་པས་ག་ས་གང་དུ་འདུ་འཛི་རབ་ཏུ་ཆེ། གཙང་ཞིང་འོད་འཁྱུག་པའི་རྡོ་གཅལ་སྟེང་དུ་ཡར་འགྲོ་མར་འོང་གི་ཡུལ་སྐོར་བ་ནི་ནམ་མཁའི་སྐར་ཚོགས་བཞིན་མང་ལ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་དང་ཁྱད་ལྡན་ཡུལ་ཟས་ལའང་ཡུལ་སྐོར་བའི་དགའ་བསུ་ཚད་མེད་ཐོབ།

    ལྷག་པར་དུ་ཡུལ་སྐོར་བ་དང་མི་རིགས་སྣ་མང་གི་ས་གནས་མང་ཚོགས་ཀྱིས་བརྩེ་བའི་ལག་རྡང་མཉམ་དུ་སྦྲེལ་ནས་སྙན་འཇེབས་གླུ་དབྱངས་ཀྱི་འགྱུར་ཁུག་དང་གར་གྱི་སྟངས་སྟབས་ཀྱིས་མི་རིགས་ཁག་གི་བུ་ཕྲུག་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་མོ་ཆགས་པ་དང་ཁྱིམ་ཚང་གཅིག་ལྟར་བརྩེ་སེམས་ཟབ་མོ་བཅངས་ནས་སེ་འབྲུའི་འབྲུ་གུ་ལྟར་དམ་པོར་འཁྱུད་པའི་མི་སེམས་འགུལ་བའི་རི་མོ་བྲིས་ཏེ་མཛེས་སྡུག་ལྡན་པའི་དུས་རབས་ལ་རྟེན་འབྲེལ་ཞུ་བའི་དགའ་སྤྲོའི་སེམས་པ་མཚོན་པར་བྱས་པ་རེད།

    གནས་འདི་ནས་མི་རིགས་ཁག་གི་སྤུན་ཟླ་མཉམ་དུ་འཛོམས་ནས་དུས་ཆེན་གྱི་སྤྲོ་སྣང་ལོངས་སུ་སྤྱོད་པ་དང་མི་རིགས་ཁག་གི་མང་ཚོགས་ཚོས་སྐྱིད་པའི་གླུ་དབྱངས་མཉམ་ལེན་དང་མཛེས་པའི་སྐོར་བྲོ་མཉམ་འཁྲབ།ཞིམ་པའི་ཟས་མཆོག་མཉམ་ཟ། དགའ་བའི་དུས་ཆེན་མཉམ་གཏོང་བྱས་ནས་འཆམ་མཐུན་དང་བདེ་སྐྱིད་ཀྱི་ཁོར་ཡུག་ཁྲོད་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བར་བསུ་བ་བྱེད་ནས་བདེ་ཆེན་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཉམས་སུ་མྱོང་བར་བྱེད།