མིག་སྨན་བསྟེན་པའི་ནོར་འཁྲུལ་བཞི།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-11-13   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚགས་པར།

    གློག་རྡུལ་སྒྲིག་ཆས་དང་སྤྱོད་ལམ་ངན་པར་ཡུན་རིང་དུ་བསྟེན་ན། མིག་ལ་མི་བདེ་བའི་ནད་རྟགས་སྣ་ཚོགས་འབྱུང་བ་ཡིན་ལ། དེ་བཞིན་དུ་མི་རྣམས་ཀྱིས་རྒྱུན་དུ་མིག་སྨན་ལ་བསྟེན་པར་བྱེད། ཡིན་ནའང་མིག་སྨན་བསྟེན་པ་ལ་ནོར་འཁྲུལ་བཞི་ཡོད་པར་ཅིས་ཀྱང་མཉམ་འཇོག་དགོས།

    ནོར་འཁྲུལ་དང་པོ། སྨན་ནུས་ལེགས་པར་ཐོན་ཆེད་སྨན་ཆུ་མང་པོ་གཏིག་པ།

    མིག་སྨན་གྱི་གཏིག་ཐབས་ཡང་དག་པ་ནི་སྨན་ཆུ་མིག་སྐྱིའི་ནང་དུ་གཏིག་ནས་སྨན་ནུས་ཐོན་པར་བྱེད་པ་དེ་ཡིན། མིག་སྐྱིའི་ནང་གི་ཤོང་ཚད་ནི་ཝེ་ཧྲེང30ཡིན་ལ། དེའི་ནང་གི་མིག་ཆུ་ཕུད་ཚེ་སྨན་ཆུ་ཝེ་ཧྲེང20ཙམ་ཤོང་ཐུབ། རྒྱུན་མཐོང་གི་མིག་སྨན་གྱི་ཐིགས་པ་གཅིག་ལ་ཝེ་ཧྲེང40ནས70ཙམ་ཡོད་པས། སྤྱིར་བཏང་གི་གནས་ཚུལ་འོག སྨན་ཆུ་ཐིགས་པ་གཅིག་གིས་སྨན་ནུས་ཐོན་ཚད་དེ་ཐོན་ཐུབ་པ་ཡིན། གལ་ཏེ་ནད་ཀྱི་དབང་གིས་དགོས་པ་གཞན་བྱུང་ན། སྨན་པའི་ངག་བཞིན་སྨན་ཆུ་གཏིག་ཆོག

    ནོར་འཁྲུལ་གཉིས་པ། མིག་སྨན་གནས་གང་རུང་དུ་བཞག་ཆོག་པར་སྙམ་པ།

    མིག་སྨན་ནི་སྤྱིར་བཏང་ཁ་དམ་སྦྱར་གྱིས་ཁོར་ཡུག་དྲོ་སར་ཉར་དགོས་པ་ཡིན་ལ། དེ་ལས་འགའ་ཞིག་ནི་འཁྱགས་སྒམ་དུ་དྲོད་ཚད2℃ནས8℃འོག་ཉར་དགོས། མིག་སྨན་བསྟེན་པའི་གོ་རིམ་ཁྲོད། སྨན་སྣོད་མགོ་རྟིང་ལྡོག་ནས་སྨན་ཆུ་སྣོད་ཁར་ཟགས་ན། ཕྲ་སྲིན་གྱིས་སྦགས་བཙོག་ཐེབས་ཉེན་ཆེ་བས། སྨན་སྣོད་ལམ་སང་ཀྲོང་ངེར་བསླངས་ཏེ་འཇོག་དགོས། ཁ་ཕྱེ་ཉིན་ནས་མང་ནའང་གཟའ་འཁོར4ལས་ཉར་མི་རུང་། གཞན་དུ་མིག་སྨན་ཁ་ཤས་ནི་ཐེངས་གཅིག་བསྟེན་པའི་རིགས་ཡིན་པས། ཁ་ཕྱེ་ནས་ཐེངས་གཅིག་བསྟེན་རྗེས་འདོར་དགོས། ཚོང་རའི་ནང་གི་མིག་སྨན་ལ་རིགས་ཅུང་མང་བས། མིག་སྨན་མ་བསྟེན་སྔོན་ལ་གསལ་བཤད་ཡི་གེའི་ནང་གི་ཉར་ཚགས་ཀྱི་ལེའུ་ལ་ཞིབ་ཏུ་བལྟ་དགོས་ཤིང་། དོན་དུའང་གསལ་བཤད་ཡི་གེས་བསྟན་པ་ཇི་བཞིན་དུ་ཉར་དགོས་པ་ཡིན།    

    ནོར་འཁྲུལ་གསུམ་པ། ཐེངས་གཅིག་ལ་སྨན་སྣ་འགའ་རེ་བསྟེན་ནས་ཆོག་པར་བྱེད་པ།

    སྨན་སྣ་མི་གཅིག་པ་རེའི་བར་དུ་ཉུང་མཐའ་ཡང་སྐར་མ5ཡི་དུས་ཡུན་ཆོད་ན། ད་གཟོད་མིག་སྨན་འཇུ་ལེན་ཡག་པོ་བྱེད་ཐུབ་པ་ཡིན།

    ནོར་འཁྲུལ་བཞི་པ། སྦས་ཤེལ་མ་བཏོན་པར་མིག་སྨན་བཏིག་ནའང་མི་གནོད་པར་སྙམ་པ།

    ཚོང་རའི་ནང་གི་སྦས་ཤེལ་མང་ཆེ་བར་ཆུ་ལེན་པའི་རང་བཞིན་དང་ལྡན། གལ་ཏེ་སྦས་ཤེལ་མནབ་སྟེ་སྨན་ཆུ་བཏིག་ན། སྨན་ཆུ་སྦས་ཤེལ་གྱིས་ལེན་པས། སྨན་ཆུ་ཚང་མ་གནད་དེར་དྲངས་འགྲོ་ལ་སྨན་དུག་ཕོག་ཉེན་ཡང་ཆེ། གཞན་དུ་མིག་སྨན་ཁ་ཤས་སུ་རུལ་འགོག་རྫས་འདྲེས་པས། སྦས་ཤེལ་རྙིང་པར་འགྱུར་བར་བྱེད་པ་དང་། མིག་ལ་གཉན་ཚད་རྒྱས་པ་སོགས་ཀྱི་ནད་ཀྱང་བསྐྱེད་སྲིད། དེ་བས་མིག་སྨན(ནང་སྒོས་སུ་ཕྲ་སྲིན་དང་ནད་དུག་འགོག་པའི་རིགས)བསྟེན་སྐབས། རབ་ཡིན་ན་སྦས་ཤེལ་མ་གོན་ན་ལེགས། གལ་ཏེ་གོན་དགོས་ན་སྦས་ཤེལ་ལ་འཕྲོད་པའི་ཆེད་སྤྱོད་མིག་སྨན་དང་། ཡང་ན་མིས་བཟོས་མིག་ཆུ་སོགས་བསྟེན་རུང་ཡང་། སྔོན་ལ་སྨན་པའི་ངག་བཞིན་བསྟེན་རྒྱུ་གལ་ཆེའོ། །(图片来源:百度)