ཞི་ཅིན་ཕིང་གིས་ཕེ་རུའི་སྨྱན་སྦྱོར་ཐོག་མཚན་བཀོད་རྩོམ་ཡིག་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-11-18   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཀྲུང་གོ་དང་ཕེ་རུའི་མཛའ་གྲོགས་གྲུ་གཟིངས་ཀྱི་རླུང་གཡོར་བསྒྲེངས་ནས་རྒྱང་སྐྱོད་བྱེད་དགོས།

    ཤིན་ཧྭ་གསར་འགྱུར་ཁང་ལི་མ་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན། ལི་མར་ཕེབས་ནས་ཕེ་རུར་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་པའི་སྐབས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས《ཕེ་རུ་བའི་ཚགས་པར》ཐོག《ཀྲུང་གོ་དང་ཕེ་རུའི་མཛའ་གྲོགས་གྲུ་གཟིངས་ཀྱི་རླུང་གཡོར་བསྒྲེངས་ནས་རྒྱང་སྐྱོད་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་བ་རེད། རྩོམ་ཡིག་གི་ནང་དོན་ཆ་ཚང་གཤམ་གསལ།

    ཀྲུང་གོ་དང་ཕེ་རུའི་མཛའ་གྲོགས་གྲུ་གཟིངས་ཀྱི་རླུང་གཡོར་བསྒྲེངས་ནས་རྒྱང་སྐྱོད་བྱེད་དགོས།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཞི་ཅིན་ཕིང་།

    སའི་གོ་ལའི་ཕྱེད་ལྷོ་མའི་དབྱར་སྟོད་དུ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་རེ་བས་ཁེངས་ཡོད། ཙུང་ཐུང་པོ་ལུའུ་ཨར་ཐེ་ཡི་གདན་ཞུས་ལྟར། ངས་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་བྱ་རྒྱུ་དང་འབྲེལ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་རྒྱུ་ཡིན།

    དེ་ནི་ངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་འཁུར་རྗེས་ཞི་བདེ་རྒྱ་མཚོའི་ཕར་ངོགས་སུ་ཡོད་པའི་ཀྲུང་གོའི“ཁྱིམ་མཚེས”རྒྱལ་ཁབ་ཕེ་རུར་འཚམས་འདྲི་བྱེད་ཐེངས་གཉིས་པ་ཡིན། དེ་གར་ཁྭ་ལར་དང་། ཁྲ་དབུན། ཆི་མུའུ། དབྱིན་ཅཱ་སོགས་གནའ་བོའི་ཤེས་དཔལ་གསོ་སྐྱོང་བྱས་པ་དང་། དེ་གའི་མི་དམངས་ཚོས་ཀྲུང་གོ་བར“ཕ་ཡུལ་གཅིག་པ”ཞེས་མཛའ་བརྩེའི་ངང་འབོད་ཀྱི་ཡོད་པ། དེ་གའི་རྒྱལ་ཚོགས་ཀྱིས་གྲོས་ཆོད་ལ་གྲོས་འཆམ་བྱས་ནས་ལོ་ལྟར་གྱི་ཟླ་2ཚེས་1ཉིན་དེ“ཕེ་ཀྲུང་མཛའ་གྲོགས་ཉིན་མོར”གཏན་འཁེལ་བྱས་པ། དེ་གའི་ཀྲུང་གོའི་ཟ་ཁང་ལ“ལྟོ་ཆས་ཟ་བ”ཞེས་བརྗོད་ཀྱི་ཡོད། ཕེ་རུར་སླེབས་རིམ་བཞིན་རང་ཉིད་ལ་ཕེ་རུའི་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ལ་བཅངས་པའི་མཛའ་གཅུགས་ཟབ་མོ་མྱོང་ཚོར་གཏིང་ཟབ་ཡོང་གི་འདུག

    མཛའ་གཅུགས་འདི་ནི་གནའ་བོའི་ཤེས་དཔལ་གྱི་བློ་གྲོས་ལ་བརྟེན་ནས་བྱུང་བ་ཞིག་རེད། ཀྲུང་ཧྭའི་ཤེས་དཔལ་ནི་འཛམ་གླིང་ཐོག་གི་རྒྱུན་མི་ཆད་པ་དང་ལོ་5000ལྷག་ཙམ་རྒྱུན་སྲིང་པའི་ཤེས་དཔལ་འབའ་ཞིག་དེ་ཡིན་པ་དང་། ཁྭ་ལར་གྱི་ཤེས་དཔལ་མཚོན་བྱེད་དུ་བྱེད་པའི་རྒྱ་མཚོའི་ཤེས་དཔལ་དང་དབྱིན་ཅཱའི་ཤེས་དཔལ་མཚོན་བྱེད་དུ་བྱེད་པའི་སྐམ་སའི་ཤེས་དཔལ་ལས་ཕེ་རུའི་ཤེས་དཔལ་ལོ་རྒྱུས་ཡུན་རིང་དང་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་པ་མཚོན་གྱི་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་གནའ་ཞིབ་རིག་པའི་ལས་རིགས་ཀྱིས་ཀྲུང་ཧྭའི་ཤེས་དཔལ་དང་ཨ་མེ་རི་ཁ་གླིང་གི་ཤེས་དཔལ་ནི་དོན་དངོས་ཐོག་མེས་པོ་གཅིག་གི་རྗེས་རབས་པ་རྣམས་དུས་རབས་མི་འདྲ་བ་དང་ས་གནས་མི་འདྲ་བ་ལས་བྱུང་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཤེས་དཔལ་གྱི་བློ་གྲོས་ཀྱིས་ང་ཚོའི་འདུ་ཤེས་འདྲ་མཚུངས་དང་སེམས་པ་གཅིག་ཏུ་སྦྲེལ་ཡོད། ཕེ་རུའི་བསམ་བློ་མཁས་ཅན་མཱ་ལི་ཡ་ཐེ་ཅེ་ཡིས“བསམ་པ་དང་དངོས་པོའི་ཐད་ཀྲུང་གོ་ཡོ་རོབ་ལས་ང་ཚོ་དང་ཉེ་བ་དང་ང་ཚོའི་མི་དམངས་ཀྱི་སེམས་ཁམས་ཨེ་ཤེ་ཡ་བ་དང་འདྲ་བ་ལས་ནུབ་ཕྱོགས་བ་དང་འདྲ་གི་མེད”ཅེས་བརྗོད་མྱོང་ཡོད། དེ་ནི་ཀྲུང་གོ་བའི་གནས་སྤོས་ཡུལ་མིས་ལོ་175ཡི་རིང་ཕེ་རུའི་མི་དམངས་དང་ཁྲག་རྒྱུད་མཉམ་འདྲེས་དང་ཁ་འབྲལ་ཐབས་མེད་པའི“ཤེས་དཔལ་གྱི་གསང་ཨང”དེ་རེད།

    མཛའ་གཅུགས་འདིས་ཕན་ཚུན་བཀྲག་མདངས་འཚེར་བའི་ལོ་རྒྱུས་རྒྱུན་འཛིན་བྱས་ཡོད། མི་མང་པོ་ཞིག་གིས་ངར་ཀྲུང་ཕེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཚོས་ཕར་ཕྱོགས་མཐོང་སྐབས་སྙིང་ཉེ་བའི་ཚོར་སྣང་ཡོང་བ་དང་ཕར་ཕྱོགས་ཀྱི་རིག་དངོས་མཐོང་སྐབས་སྔོན་ཆད་རྒྱུས་མངའ་ཡོད་པའི་མྱོང་ཚོར་ཡོང་གི་འདུག་ཅེས་བཤད་བྱུང་། དཔེར་ན། ཕེ་རུ་ནས་ཐོན་པའི་དབྱིན་ཅཱ་བའི་གསེར་གྱི་འབག་དང་ཀྲུང་གོའི་སན་ཤིང་ཏུའེ་ཡི་གསེར་གྱི་འབག་གཉིས་འདྲ་པོ་ཡོད་པ་དང་། མཱ་ཆིའུ་པེ་ཆིའུ་གནའ་གྲོང་གི་མཆོད་སྟེགས་སྟེང་དུ་ཡོད་པའི“ཉི་འདོགས་རྡོ”དེ་དབྱིན་ཅཱ་བས་ཉི་གྲིབ་ཀྱི་འགྱུར་ལྡོག་ལ་བརྟེན་ནས་དུས་ཚིགས་དང་ལོ་ཐོ་བཟོས་པའི་དུས་ཚོད་གཏན་འཁེལ་བྱས་པ་དེ་ནི་ཀྲུང་གོའི་གནའ་རབས་ཀྱི་དུས་ཚོད་ལྟ་ཆས་དང་བྱེད་ཐབས་མི་འདྲ་ཡང་གྲུབ་འབྲས་འདྲ་པོ་ཡོད་པ། ཀྲུང་གོའི་གནའ་བོའི་སི་ཁྲོན་བའི་མེས་པོས་གཤོག་རྩལ་ངོམས་ནས་འཕུར་བའི་ཉི་མའི་ལྷ་བྱས་ཉི་མ་དང་ཉི་མའི་ལྷར་དད་གུས་བྱེད་ཚུལ་མཚོན་པ་དེ་ནི་དབྱིན་ཅཱ་ཡི་ཤེས་དཔལ་དང་གཅིག་མཚུངས་ཡིན་པ་དེ་ཐོག་ནས་འོད་ཟེར་ལ་བློ་ཁ་ཕྱོགས་ལུགས་མཚོན་གྱི་ཡོད། ན་ནིང་ནས་བཟུང་། “ཤེས་དཔལ་ཟེར་བའི”གོ་ལ་ཧྲིལ་པོའི་སྐོར་སྐྱོད་འགྲེམས་སྟོན་ཕེ་རུར་བྱས་པ་དང“དབྱིན་ཅཱ་ཡི་མཁའ་ལམ”གྱི་ཨན་ཏི་སིའི་རིག་གནས་འགྲེམས་སྟོན་དང“དབྱིན་ཅཱ་བ་དང་བཙན་རྒྱལ་ཕྱོགས་བཞིའི་ས་ཆ”སོགས་ཀྱི་འགྲེམས་སྟོན་ཀྲུང་གོར་བྱས་པར་རྒྱལ་ཁབ་གཉིས་པོའི་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད། ཉེ་ཆར། ཕྱོགས་གཉིས་པོས་ཕེ་རུར“ཉི་མའི་འོད་ཟེར། གནའ་བོའི་སི་ཁྲོན་གྱི་ཤེས་དཔལ་དང་དབྱིན་ཅཱ་ཡི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་འགྲེམས་སྟོན”གཉེར་རྒྱུ་ཡིན་པས་ཚང་མ་ལྟ་སྐོར་ལ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཀྲུང་ཕེའི་ཤེས་དཔལ་གྱི་འོད་མདངས་ཕན་ཚུན་འཕྲོ་ས་དེ་བས་མང་བ་རྙེད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།

    མཛའ་གཅུགས་འདིས་གཉིས་ཕན་གཉིས་ཁེའི་མཉམ་ལས་གཏིང་ཟབ་ཏུ་ཕྱིན་ཡོད། ཕེ་རུ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་། ཀྲུང་ཕེའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་མདུན་དུ་སྐྱོད་པ་དང་ལྷག་པར་དུ་2013ལོར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན། ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཐོབ་ཡོད།

     ཏོག་གསར་རིམས་ནད་ཐོན་པའི་སྐབས་སུ། ཀྲུང་གོས་ཕེ་རུར་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་བཏང་སྟེ། ཕེ་རུར་ནུས་པས་ལྕོགས་ཚོད་ཀྱིས་རིམས་འགོག་སྨན་ཁབ་དང་རིམས་འགོག་དངོས་རྫས་མཁོ་འདོན་བྱས་པར་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་ནི་འགག་རྩའི་དུས་སུ་ཕེ་རུར་བློས་འགེལ་ཆོག་པའི་གྲོགས་པོ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། ཕེ་རུ་ནི་ཀྲུང་གོ་དང་རང་མོས་ཚོང་དོན་གྱི་གྲོས་ཆོད་རབ་དང་རིམ་པར་མིང་རྟགས་འགོད་མཁན་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཐོག་མ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་ནང་ཞུགས་སྔ་ཤོས་ཀྱི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཀྲུང་གོ་འདི་ཉིད་ལོ་10བསྟུད་མར་ཕེ་རུའི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་ཕྱིར་གཏོང་ཁྲོམ་ར་ཆེ་ཤོས་སུ་གྱུར་བ་དང་། ན་ནིང་ཕེ་རུས་ཀྲུང་གོར་ཕྱིར་གཏོང་བྱས་པའི་གྲངས་འབོར་གྱིས་ཕེ་རུའི་ཕྱིར་གཏོང་བསྡོམས་འབོར་གྱི་36%བཟུང་བ། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ཕེ་རུར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་300ཙམ་ཟིན་པ། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་མ་རྩ་བཏང་བའི་ལ་སི་པང་པ་སིའི་ཟངས་གཏེར་རྣམ་གྲངས་ཀྱི་ཐོན་རྫས་རིན་ཐང་གིས་ཕེ་རུའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་1%བཟུང་ནས་ལས་ཞུགས་ལས་གནས་ཁྲི་གཅིག་ཡན་བཏོད་ཡོད། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཐུང་པེ་སི་ཁུལ་ཆེན་ཅཱ་ལི་ཏུའོ་སྨན་ཁང་གིས་གྲོང་མི་ཁྲི་10ལྷག་ཙམ་ལ་ཕན་པ་ཐོབ་པ་དང་ལི་མ་ཁུལ་ཆེན་པོ་གསུམ་གྱི་ཆུ་དོན་རྣམ་གྲངས་བསྐྲུན་རྗེས་ཕེ་རུའི་མི་དམངས་ཁྲི་40ལྷག་ཙམ་གྱི་དྭངས་གཙང་སྤྱོད་ཆུའི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད།

    ཕེ་རུའི་གཏམ་དཔེར“དམངས་ཀྱི་འབོད་སྒྲ་ནི་དཀོན་མཆོག་གི་གསུང་སྒྲ་རེད”ཅེས་བརྗོད་པ་ལྟར། མི་དམངས་དེ་བས་མང་བ་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་ནི་ང་ཚོ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་དོན་གཉེར་ཞིག་རེད། ང་ཚོས་ཀྲུང་ཕེའི་སྲོལ་རྒྱུན་མཛའ་གྲོགས་དར་སྤེལ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་རྒྱ་ཆེ་དང་གཏིང་ཟབ་ཏུ་བཏང་ནས་དེར་དུས་རབས་གསར་པའི་ནང་དོན་སྣོན་དགོས། འདི་ལོའི་ཟླ་7པར། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་དེས། ཕེ་རུ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་གསར་པ་བཏོད་པ་དང་། ཀྲུང་ཕེའི་གཉིས་ཕན་མཉམ་ལས་ལ་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གསར་པ་བཏོད་ཡོད།

    ད་ཐེངས་འཚམས་འདྲི་བྱེད་རིང་། ངས་ཙུང་ཐུང་པོ་ལུའུ་ཨར་ཐེ་དང་མཉམ་དུ་བརྙན་ལམ་བརྒྱུད་ཆན་ཁའེ་གྲུ་ཁ་སྒོ་དབྱེ་བའི་མཛད་སྒོར་ཞུགས་རྒྱུ་ཡིན། ཆན་ཁའེ་གྲུ་ཁ་ནི་ཀྲུང་ཕེའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྣམ་གྲངས་གལ་ཆེན་ཞིག་རེད་ལ། ལྷོ་ཨ་མེ་རི་ཁ་གླིང་གི་རིག་ལྡན་གྲུ་ཁ་ཐོག་མ་དེའང་རེད། ཆན་ཁའེ་གྲུ་ཁའི་དུས་ཐེངས་དང་པོའི་ལས་གྲྭས་ཕེ་རུ་ནས་ཀྲུང་གོ་བར་གྱི་མཚོ་ཐོག་སྐྱེལ་འདྲེན་དུས་ཚོད་ཉིན་23བར་ཐུང་དུ་ཕྱིན་ཏེ། ཟོག་འགྲེམས་མ་གནས་20%ཡན་གྲོན་ཆུང་ཐུབ་རྒྱུ་དང་། ལོ་ལྟར་ཕེ་རུར་ཡོང་འབབ་ཨ་སྒོར་དུང་ཕྱུར་45ཡོང་རྒྱུ། ཐད་ཀར་ལས་ཞུགས་ལས་གནས་8000ལྷག་ཙམ་གཏོད་རྒྱུ་བཅས་རེད། ཆན་ཁའེ་གྲུ་ཁ་བསྐྲུན་པ་དེས་ཕེ་རུའི་མཚོ་རྒྱུད་ནས་སྐམ་སའི་དབུས་ཁུལ་བར་དང་། ཕེ་རུ་ནས་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་གཞན་དག་བར་གྱི་ཕྱོགས་བསྡུས་དང་། སྣ་མང་། ནུས་ཆེ་བཅས་ཀྱི་མཉམ་འབྲེལ་མཉམ་མཐུད་ཀྱི་རྣམ་པ་བསྐྲུན་རྒྱུར་ཕན་པ་ཡོད་ལ། ཆན་ཁའེ་གྲུ་ཁ་འགོ་འཛུགས་སར་བྱས་པའི“དུས་རབས་གསར་པའི་དབྱིན་ཅཱ་གནའ་ལམ”བཏོད་དེ་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་ས་ཁུལ་ཡོངས་འཕེལ་རྒྱས་དང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་ཁྲིད་ཐུབ་རྒྱུ་རེད། གྲུ་ཁའི་རྣམ་གྲངས་པུས་ད་དུང་སྲོག་ཆགས་རོགས་སྐྱོབ་ས་ཚིགས་བཙུགས་ནས། ངང་པ་རེ་འཆང་དང་། མཚོ་གཟིག བྱ་རིགས་བཅས་ལ་རོགས་སྐྱོབ་བྱེད་པའི་སྤྱི་ཚོགས་ཀྱི་འགན་འཁྲི་རང་འགུལ་ངང་ཁུར་ནས་འདམ་ར་དང་། མཚོ་འགྲམ། སྐྱེ་དངོས་འཚོ་ཁུལ་བཅས་ཀྱི་ཁོར་ཡུག་གནས་ཚུལ་ལེགས་སུ་གཏོང་རྒྱུ་རེད། ང་ཚོས་ཐུན་མོང་ཐོག་ཆན་ཁའེ་གྲུ་ཁ་འཛུགས་སྐྲུན་ཡག་པོ་དང་གཉེར་སྐྱོང་ཡག་པོ་བྱས་ཏེ“ཆན་ཁའེ་ནས་ཧྲང་ཧའེ་བར”ཀྲུང་གོ་དང་ཕེ་རུ་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་མཉམ་དུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དར་རྒྱས་ཀྱི་ལམ་བུ་ཞིག་ཏུ་དངོས་སུ་འགྱུར་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཕེ་རུར“ཆུང་ལ་མཛེས་པའི”དམངས་འཚོའི་མཉམ་ལས་རྣམ་གྲངས་མུ་མཐུད་ལག་ལེན་བསྟར་ནས། ལུའུ་པན་བཟོ་ཁང་དང་ཀྲུང་གོའི་བཟོ་ཁང་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་ལས་རིགས་སློབ་གསོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ས་གནས་དེ་གར་ལས་ཞུགས་ལས་གནས་དེ་བས་མང་བ་གཏོད་རྒྱུར་ལྕག་སྐུལ་བྱེད་པ། སྤྱི་ཚོགས་ཀྱི་འགན་འཁྲི་ཡག་པོ་སྒྲུབ་པ་བཅས་བྱས་ཏེ“ཕ་ཡུལ་གཅིག་པའི”ཟོལ་མེད་ཀྱི་བརྩེ་སེམས་དེ་བས་ཚོར་ཐུབ་པ་བྱེད་འདོད་ཡོད།

    ང་ཚོས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་དུས་རབས་ཀྱི་འགན་འཁྲི་འཁུར་ནས། རིག་གནས་སྒྱུ་རྩལ་དང་། སློབ་གསོ། ཚན་ཞིབ། ཡུལ་སྐོར། གཞོན་ནུ། རིག་གནས་ཤུལ་བཞག་སྲུང་སྐྱོང་། གནའ་རྫས་རྟོག་ཞིབ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། བྱ་ཐབས་དེ་བས་མང་བ་སྤྱད་དེ་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་ནས་ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་སྤྱི་ཚོགས་ཀྱི་དམངས་འདོད་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས། རྒྱལ་ཁབ་གཉིས་པོས་ཤེས་དཔལ་གྱི་གནའ་བོའི་རྒྱལ་ཁབ་ཀྱི་གླེང་སྟེགས་ལམ་སྲོལ་ནང་མཉམ་ལས་གཏིང་ཟབ་བྱས་ནས། གོ་ལ་ཧྲིལ་པོའི་ཤེས་དཔལ་གླེང་མོལ་དང་མཉམ་ལས་ཀྱི་དྲ་རྒྱ་འཚོལ་ཞིབ་བྱེད་པ་དང་། རྒྱལ་ཁབ་ཁག་གི་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་རྒྱབ་སྐྱོར་བྱས་ཏེ། འཛམ་གླིང་གི་ཤེས་དཔལ་མི་འདྲ་བ་དེ་ཀྲུང་གོའི་གཟི་ཚ་སྡེ་དགུའི་ཚོན་ལྡན་རྫིང་བུ་དང་ཕེ་རུའི་མཱ་ལ་སིའི་སྐས་ཞིང་ལྟར་ཚོན་མདོག་དང་གཟུགས་དབྱིབས་མི་འདྲ་ཡང་ཕན་ཚུན་བཀྲག་མདངས་འཕྲོ་རེས་དང་ཕན་ཚུན་སྤེལ་རེས་བྱས་ཏེ་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    2008ལོ་དང་2016ལོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་གཉིས་གྲུབ་འབྲས་ཐོབ་པའི་ངང་འཚོགས་རྗེས། ཕེ་རུས་ཚོགས་འདུ་གལ་ཆེན་དེ་གཙོ་གཉེར་ཐེངས་གསུམ་པ་བྱ་རྒྱུ་རེད། ཚོགས་འདུ་ཐེངས་གསུམ་གྱི་བརྗོད་དོན་གཙོ་བོ“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་འཕེལ་རྒྱས་ཀྱི་ཁས་ལེན་གསར་པ”ནས“སྤུས་ཚད་མཐོ་བའི་ངང་འཕར་བ་དང་མིའི་རིགས་ཀྱི་འཕེལ་རྒྱས”བར་དང་། དེ་ནས་འདི་ལོའི“ནུས་སྤྲོད་དང་། བསྟུན་མཁས། འཕར་སྣོན”བཅས་ཚང་མ་ནས། ཕེ་རུ་ཕྱོགས་ཀྱིས་སྒོ་དབྱེ་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་གང་ལེགས་མངོན་པ་མ་ཟད། སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཕན་གྱི“ལི་མའི་གསུང་སྒྲ”ཤུགས་ཆེན་བསྒྲགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་ཕྱོགས་ཀྱིས་ཚོགས་འདུ་འཚོག་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། ཕེ་རུ་ཕྱོགས་དང་གཞོགས་འདེགས་དམ་ཟབ་ཀྱིས་ཚོགས་འདུར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ཁྲོད“ལི་མའི་ལག་རྗེས”གསར་པ་བཞག་སྟེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད།

    མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་མིའི་རིགས་ཀྱི་སྤྱི་ཚོགས་སླར་ཡང་ལོ་རྒྱུས་ཀྱི་ལམ་བཞི་མདོ་ཁར་གནས་ཡོད། ཀྲུང་གོར་སྙན་ངག་ཅིག་ཡོད་པ་སྟེ“རི་མགོ་མཐོན་པོར་ལངས་པས་ན། མིག་ཟུང་སྨུག་པས་འགྲིབ་དོགས་མེད”ཅེས་པ་ལྟར་རེད། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་ཕྱོགས་དང་མཉམ་དུ་མཐོ་འཛེགས་རྒྱང་ལྟ་མཐའ་འཁྱོངས་བྱས་ནས། ལོ་རྒྱུས་ཀྱི་དུས་འཁོར་རིང་པོ་ནས་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་མཉམ་དུ་དོན་འཁྱོལ་ཡག་པོ་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་འདོད་ཡོད།

    ལ་ཏིང་མེ་གླིང་གི་གྲོགས་པོ་ཚོས་རྟག་ཏུ“མི་ལ་སྙིང་སྟོབས་མི་ལྡན་ན། རི་འཛེག་མཚོ་བརྒལ་ཐུབ་པར་དཀའ”ཞེས་ཤོད་ཀྱི་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་ཕེ་རུའི་གྲོགས་པོ་ཚོ་དང་མཉམ་དུ་བློ་ཁ་གཅིག་ཏུ་ཕྱོགས་པ་དང་རི་མཚོ་བརྒལ་ནས། ཀྲུང་ཕེའི་མཛའ་གྲོགས་ཀྱི་གྲུ་གཟིངས་དེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་གཏོང་འདོད་ཡོད།