ཞི་ཅིན་ཕིང་གིས་ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐེ་དང་གླེང་མོལ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-11-18   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མའི་ཙུང་ཐུང་ལས་ཤག་ཏུ་ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐེ་དང་གླེང་མོལ་གནང་བ་དང་། པོ་ལུའུ་ཨར་ཐེ་ཡིས་ཙུང་ཐུང་ལས་ཤག་མདུན་གྱི་ཐང་ཆེན་དུ་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་གཉེར་བ།


    ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐེ་རྣམ་གཉིས་ལི་མའི་ཙུང་ཐུང་ལས་ཤག་ཏུ་བརྙན་ལམ་བརྒྱུད་ཆན་ཁའེ་གྲུ་ཁ་སྒོ་དབྱེ་བའི་མཛད་སྒོར་ལྷན་དུ་ཞུགས་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་མ་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མའི་ཙུང་ཐུང་ལས་ཤག་ཏུ་ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐེ་དང་གླེང་མོལ་གནང་བ་རེད།

    དབྱར་སྟོད་ཀྱི་ལི་མར་ཉི་འོད་རབ་ཏུ་འཚེར་ཞིང་མེ་ཏོག་རྣམ་པར་བཞད།

    ཕེ་རུའི་གུས་མཚོན་སྲུང་དམག་རྟ་རགས་ཀྱི་སྲུང་སྐྱོང་འོག ཞི་ཅིན་ཕིང་རླངས་འཁོར་ལ་བཞུཌ་ཏེ་ཙུང་ཐུང་ལས་ཤག་ཏུ་འབྱོར་སྐབས་ཙུང་ཐུང་པོ་ལུའུ་ཨར་ཐེ་ཡིས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།

    པོ་ལུའུ་ཨར་ཐེ་ཡིས་ཙུང་ཐུང་ལས་ཤག་མདུན་གྱི་ཐང་ཆེན་དུ་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་གཉེར་བ་རེད།

    རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་སོ་སོའི་ཕེབས་རོགས་མི་སྣ་དང་ཕྱག་བཏང་གནང་ཞིང་། ཞི་ཅིན་ཕིང་གིས་པོ་ལུའུ་ཨར་ཐེའི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་རེད།

    དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གླེང་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ང་ད་རེས་ཕེ་རུར་འཚམས་འདྲིར་ཡོང་ཐེངས་གསུམ་པ་ཡིན་ལ། ལོ་གཅིག་ནང་ཙུང་ཐུང་མཁྱེན་ལྡན་མ་དང་ཞལ་འཛོམས་བྱེད་ཐེངས་གསུམ་པའང་ཡིན། ཕེ་རུའི་དམངས་ཚོགས་མང་པོ་ཞིག་གིས་རང་འགུལ་ངང་འགྲོ་ལམ་གྱི་གཡས་གཡོན་ནས་ལག་པ་གཡུག་གཡུག་བྱས་ཏེ་དགའ་བསུ་ཞུ་གི་འདུག་པས། ང་ལ་ཕེ་རུའི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་མཛའ་གྲོགས་ཟབ་མོ་ཚོར་བྱུང་། ཀྲུང་གོ་དང་ཕེ་རུ་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་གཅིག་མཚུངས་རེད། གནའ་བོའི་ཤེས་དཔལ་ཟབ་མོས་ཀྲུང་ཕེ་རྒྱལ་ཁབ་གཉིས་པོའི་བློ་གྲོས་དང་བློ་རྒྱ་ཡངས་སུ་ཕྱིན་པས་ང་ཚོས་ལོ་རྒྱུས་ཀྱི་མདུན་སྐྱོད་ཁ་ཕྱོགས་གསལ་པོར་རྟོགས་པ་དང་། དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་འཚམ་པར་བྱེད་པ། ཐོག་མཐའ་བར་གསུམ་དུ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་བཅས་མཐའ་འཁྱོངས་ཐུབ་ནས་གཞི་རྒྱ་མི་འདྲ་བ་དང་། ལམ་ལུགས་མི་འདྲ་བ། རིག་གནས་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་དབར་མཐུན་སྒྲིལ་མཉམ་ལས་བྱེད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་53སོང་ཚུན་དང་ལྷག་པར་དུ་2016ལོར་ངས་ཕེ་རུར་རྒྱལ་དོན་འཚམས་འདྲི་ཐེངས་དང་པོ་བྱས་ཚུན། ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག ཀྲུང་ཕེའི་ཚོང་དོན་མ་འཇོག་མཉམ་ལས་མགྱོགས་མྱུར་འཕར་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ཕྱོགས་གཉིས་པོས་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཕེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་བདེ་རྩ་སྐྲུན་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དང་། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན། དངོས་སྒྲུབ་མཉམ་ལས་ཀྱི་རྣམ་པ་གསར་གཏོད། ཚོང་དོན་དང་མ་འཇོག“ཕྱོགས་གཉིས་ནས་སྐུལ་འདེད་གཏོང་བར”ཤུགས་སྣོན། སྲོལ་རྒྱུན་ཐོན་ལས་དང་གསར་དར་ཐོན་ལས་གཉིས“གཤོག་ཟུང་མཉམ་འཕེལ”ལ་སྐུལ་འདེད། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི“འཁོར་འབྲེལ་གཉིས་མཉམ་འདྲེས”ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུའི་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་བ་དང་། སྟོབས་འབྱོར་ཡོད་པའི་ཀྲུང་གོའི་ཁེ་ལས་ཕེ་རུར་མ་འཇོག་ལས་གཏོད་བྱེད་པར་སྐུལ་ལྕག་བྱས་ནས་ས་གནས་དེ་གའི་འཕེལ་རྒྱས་ལ་འབུལ་འོས་པའི་ལེགས་སྐྱེས་འབུལ་འདོད་ཡོད། ཕྱོགས་གཉིས་པོས་གཏེར་ཐོན་ནུས་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད། འགྲིམ་འགྲུལ་འཕྲིན་གཏོང་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། གྲངས་འཛིན་དཔལ་འབྱོར་དང་། མི་ཐབས་རིག་ནུས། ལྗང་མདོག་ཆུ་ཐོག་སྐྱེལ་འདྲེན། གློག་སྒུལ་རླངས་འཁོར། འོད་ཤུགས་ཐོན་ལས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཕེ་རུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི“མངོན་ཡོད་སྦྲེལ་མཐུད”ནང་ཞུགས་པར་སྐུལ་ལྕག་བྱས་ནས་རིག་ལྡན་འགག་སྒོའི“མངོན་མེད་སྦྲེལ་མཐུད”ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་དཀའ་ངལ་ཁྱད་བསད་བྱས་ནས་དུས་བཀག་ལྟར་ཆན་ཁའེ་གྲུ་ཁའི་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་ལེགས་སྒྲུབ་བྱས་པ་དེ་ཐོག་ནས་ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་ཕྱོགས་དང་ཡུན་རིང་གི་འཐབ་ཇུས་མཉམ་ལས་ལ་གཞོལ་བའི་ཆོད་སེམས་གང་ལེགས་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་ཕྱོགས་དང་མཉམ་དུ་ཆན་ཁའེ་གྲུ་ཁའི་ས་བབ་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་ཆན་ཁའེ་གྲུ་ཁ་འགོ་འཛུགས་སར་བྱས་པའི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་སྐམ་མཚོའི་བགྲོད་ལམ་གསར་པ་བཏོད་དེ་མཚོ་རྒྱུད་ནས་སྐམ་སའི་དབུས་ཁུལ་བར་དང་། ཕེ་རུ་ནས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་གཞན་དག་བར་གྱི་ཕྱོགས་བསྡུས་དང་། སྣ་མང་། ནུས་ཆེ་བཅས་ཀྱི་ཕན་ཚུན་སྦྲེལ་མཐུད་ཀྱི་བཀོད་པ་འཚོལ་ཞིབ་བྱས་ཏེ་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་ས་ཁུལ་གྱི་སྤྱི་ཡོངས་འཕེལ་རྒྱས་དང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་ཁྲིད་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའུ་ཀྲོའུ་གྲོང་ཁྱེར་དང་ཆན་ཁའེ་གྲོང་ཁྱེར་དབར་མཛའ་གྲོགས་གྲོང་ཁྱེར་གྱི་འབྲེལ་བ་འཛུགས་པར་རྒྱབ་སྐྱོར་བྱས་ནས་ཕེ་རུ་ཕྱོགས་དང་བཟོ་ལས་གླིང་འཛུགས་སྐྲུན་གྱི་ཉམས་མྱོང་སྤེལ་རེས་བྱེད་པ་དང་། ས་ཁོངས་སྒྲོལ་བའི་ཞབས་ཞུ་ཚོང་དོན་དང་དྲ་ཐོག་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། མཉམ་འདུས་ཕན་འབྲས་དང་མཉམ་འགུལ་ཕན་འབྲས་འདོན་པ་བཅས་ཀྱི་ཐོག་ནས་དངོས་སྒྲུབ་ཀྱི་གྲུབ་འབྲས་དེ་བས་མང་བ་སྤྱད་དེ་ཀྲུང་ཕེའི་ཡུན་རིང་མཛའ་གྲོགས་དང་གཉིས་ཕན་མཉམ་ལས་ཀྱི་གདེང་ཚོད་བརྟན་དུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཕེ་རུ་ཕྱོགས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་ཐག་ཉེ་སར་ལུའུ་པན་བཟོ་ཁང་དང་ཀྲུང་གོའི་བཟོ་ཁང་བཙུགས་ནས་ལས་རིགས་སློབ་གསོའི་མཉམ་ལས་བྱས་ཏེ་ཕེ་རུ་ཕྱོགས་ལ་ས་གནས་དེ་གའི་ཤེས་ལྡན་པ་དང་རིག་སྟོབས་ལག་རྩལ་གྱི་འདེགས་སྐྱོར་བྱེད་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་རྟོན་ཟབ་ཏུ་གཏོང་བ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། རུལ་སུངས་ལ་ངོ་རྒོལ་དང་ཁྲིམས་འགལ་འཛིན་རྙབ་ལ་རྡུང་རྡེག་གཏོང་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་དུས་རབས་ཀྱི་འགན་འཁྲི་ཁུར་ནས་རྒྱལ་སྤྱིའི་ཤེས་དཔལ་ཐད་ཀྱི་གླེང་མོལ་ལ་ཤུགས་སྣོན་རྒྱག་རྒྱུ་དར་སྤེལ་བཏང་སྟེ་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གླེང་མོལ་དང་མཉམ་ལས་ཀྱི་དྲ་རྒྱ་འཚོལ་ཞིབ་བྱས་ནས་འཛུགས་པར་གྲོས་བསྡུར་བྱེད་དགོས། རིག་གནས་སྲིད་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་རིག་གནས་སྒྱུ་རྩལ་དང་། སློབ་གསོ། རིག་གནས་ཤུལ་བཞག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུར་ཕྱོགས་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་སྐལ་གྲངས་མང་དུ་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ལོ་ཆུང་དབར་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་བྱས་ནས་ཀྲུང་ཕེའི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུའི་རེ་བ་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ས་ཁུལ་གྱི་བརྟན་ལྷིང་དང་དར་རྒྱས་ལ་སྲུང་སྐྱོང་བྱེད་པ་བཅས་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཁྱིམ་ཚང་ཆེན་པོ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་ཡོད། ཀྲུང་ཕེ་ཕྱོགས་གཉིས་པོས་ཕྱོགས་མང་རིང་ལུགས་ཀྱི་འདོད་ཚུལ་འཛིན་པ་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་མགྲོན་བདག་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་ཀྱི་ཡིན་ལ། ཕྱོགས་ཁག་དང་མཉམ་དུ་འབད་བརྩོན་བྱས་ཏེ་ད་རེས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐུགས་གྲ་ལེགས་འགྲིག་ཡོང་བར་སྐུལ་འདེད་གཏོང་བ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་སྒྲོམ་གཞིའི་འོག་འབྲེལ་གཏུག་མཐུན་སྦྱོར་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད།

    པོ་ལུའུ་ཨར་ཐེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཁོང་གིས་གསུངས་དོན། ཕེ་རུ་དང་ཀྲུང་གོ་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན། ལོ་རྒྱུས་ཐོག་ཕྱི་ཁོངས་ཀྲུང་གོ་བ་མང་པོས་ཕེ་རུ་རྒྱལ་ཁབ་འཛུགས་སྐྲུན་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་མྱོང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་བརྩེ་སེམས་ཟབ་མོ་ཡོད་ལ་མཛའ་ཞིང་མཐུན་པའི་སྤུན་ཟླ་དང་གྲོགས་པོ་ཡང་ཡིན། ཀྲུང་གོ་ནི་དུས་ཡུན་རིང་པོའི་ནང་ཕེ་རུའི་ཚོང་དོན་རོགས་ཟླ་གལ་ཆེ་ཤོས་ཡིན་ལ། ལྷག་པར་དུ་ཕྱོགས་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་བྱས་ཚུན་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དེ་ཐོག་ནས་གཉིས་ཁེ་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་དོན་གཉེར་བྱེད་པའི་རྒྱལ་ཁབ་གཉིས་ཀྱི་འགྱུར་མེད་ཀྱི་ཁས་ལེན་གང་ལེགས་མཚོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་རིང་ཕྱོགས་གཉིས་པོས་རང་མོས་ཚོང་དོན་གྲོས་ཆོད་ཀྱི་རིམ་སྤོར་གྲོས་ཆོད་ཡི་གེ་སོགས་ཚུད་པའི་མཉམ་ལས་གྲོས་མཐུན་གལ་ཆེན་མང་པོར་མིང་རྟགས་བཀོད་པ་དེས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བས་འཕེལ་རྒྱས་འགྲོ་བར་སྐུལ་མ་ནུས་ལྡན་ཐེབས་རྒྱུ་རེད། ལྷག་པར་དུ་ཆན་ཁའེ་གྲུ་ཁ་སྒོ་ཕྱེ་ནས“ཆན་ཁའེ་ནས་ཧྲང་ཧའེ་བར”མངོན་འགྱུར་བྱུང་སྟེ་ལ་ཏིང་མེ་གླིང་དང་ཨེ་ཤེ་ཡའི་དབར་གྱི་འབྲེལ་ཟམ་གལ་ཆེན་དང་ཕེ་རུའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཞིང་། ཕེ་རུ་དང་ལ་ཏིང་མེ་གླིང་ས་ཁུལ་གྱི་རྒྱལ་ཁབ་གཞན་དག་དང་དེ་བཞིན་ཀྲུང་གོ་དང་ཐ་ན་ཨེ་ཤེ་ཡའི་དབར་དེ་བས་ནུས་ཆེ་དང་སྟབས་བདེའི་སྦྲེལ་མཐུད་དང་ཚོང་དོན་ལ་སྐུལ་མ་ནུས་ལྡན་ཐེབས་རྒྱུ་དང་རྒྱལ་ཁབ་གཉིས་པོ་དང་ས་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་ཐུབ་རྒྱུ་རེད། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཕེ་རུར་མ་འཇོག་དང་ལས་གཏོད་བྱེད་པར་ཡོང་ནས་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ཁུངས་ནུས་རྒྱུ། འགྲིམ་འགྲུལ་སོགས་ཁྱབ་ཁོངས་གལ་ཆེན་གྱི་མཉམ་ལས་རྣམ་གྲངས་ནང་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན། ངས་ཕེ་རུ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་བྱ་རྒྱུའི་བསྐྱར་བསྒྲགས་བྱེད་འདོད་ཡོད། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་མི་ཆོས་རིག་གནས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གཞོན་ནུ་དང་མི་སྣའི་འགྲོ་འོང་ཟབ་ཏུ་གཏོང་འདོད་ཡོད། ཕེ་རུས་ད་རེས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་གཙོ་གཉེར་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་གལ་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕེ་རུ་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཀྱི་སྒྲོམ་གཞིའི་ནང་འབྲེལ་གཏུག་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཡུན་རིང་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་འབུལ་བར་སྐུལ་མ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ད་རེས་འཚམས་འདྲིར་ཕེབས་པ་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལམ་ཚད་རྡོ་རིང་གལ་ཆེན་དུ་གྱུར་ནས་ཕེ་རུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ལེའུ་གསར་པ་ཞིག་བཏོད་དེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དེ་བས་རྒྱུན་རིང་དང་དར་རྒྱས་ཀྱི་འབྱུང་འགྱུར་མཉམ་སྐྲུན་མཉམ་སྤྱོད་ཐུབ་ནས་ཕེ་ཀྲུང་གི་ལས་དབང་གཅིག་ཚོགས་པ་འཛུགས་པར་སྐུལ་མ་ཐེབས་ངེས་རེད།

    གླེང་མོལ་གྲུབ་རྗེས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས《“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་མཉམ་ལས་འཆར་འགོད》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་རང་མོས་ཚོང་དོན་གྲོས་ཆོད་རིམ་སྤོར་གྱི་གྲོས་ཆོད་ཡི་གེར》མིང་རྟགས་འགོད་པའི་དཔང་པོ་གནང་བ་མ་ཟད། དཔལ་འབྱོར་ཚོང་དོན་དང་། ཐོན་ལས་མ་འཇོག བཟོ་ལས་གླིང་ཁུལ། སློབ་གསོ། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་ཡང་དཔང་པོ་གནང་བ་རེད།

    ཕྱོགས་གཉིས་ཀྱིས《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།

    ཉིན་དེའི་དགོང་མོར། ཞི་ཅིན་ཕིང་ཙུང་ཐུང་པོ་ལུའུ་ཨར་ཐེ་ཡིས་བཤམས་པའི་དགའ་བསུའི་གསོལ་སྟོན་ལ་ཕེབས་པ་རེད།