ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ལ་ཡིག་ཐོག་གཏམ་བཤད་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-11-18   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

     ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མ་རུ་འཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ཐོག《དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱས་ནས་འཛམ་གླིང་དར་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ཡིག་ཐོག་གཏམ་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རྒྱལ་ཁབ་ཀྱིས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་དེ་དར་ན་མཉམ་དར་དང་གུད་ན་མཉམ་གུད་ཀྱི་ཁེ་ཕན་གཅིག་མཐུན་ཚོགས་པ་དང་ལས་དབང་གཅིག་མཐུན་ཚོགས་པར་གྱུར་ཡོད། དེ་དང་ཆབས་ཅིག འཛམ་གླིང་འདི་ཉིད་ཡོ་ལང་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་པ་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ཆུ་བོའི་གྱེན་དུ་གྲུ་གཏོང་བའི་སྐབས་སུ་སླེབས་པས། མདུན་སྐྱོད་མ་བྱས་ན་ཕྱིར་བཤོལ་ཐེབས་ངེས་པའི་ཉམས་སད་དྲག་པོ་འཕྲད་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་ཕྱོགས་གང་དུ་སྐྱོད་མིན་ལ་ང་ཚོས་གདམ་ག་བྱེད་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཕྱི་རོལ་ཡུལ་གྱི་བླང་བྱ་དང་ཚན་རྩལ་ཡར་ཐོན་གྱི་ལྡོག་མེད་ཀྱི་འབྲས་བུ་ཞིག་རེད། མ་གཞི་མདུན་དུ་རླུང་ཆེན་དང་རྦ་རླབས་ཆེན་པོ་འཕྲད་ཡོད་མོད། འོན་ཀྱང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་གཏན་ནས་ཕྱིན་མེད། ཁ་སྣ་ཚོགས་གཡར་ནས་ཨུ་ཚུགས་ཀྱིས་ཕན་ཚུན་བརྟེན་རེས་བྱེད་པའི་འཛམ་གླིང་ཁ་ཕྲལ་དུ་གཏོང་བ་ནི་ལོ་རྒྱུས་ཀྱི་འཁོར་ལོ་ལྡོག་ཕྱོཌ་སུ་སྐོར་བ་རང་རེད། དཀའ་ངལ་ཇི་ཙམ་འཕྲད་ཀྱང་དེ་ཙམ་གྱིས་གདེང་ཚོད་བརྟན་དུ་གཏོང་དགོས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཁ་ཕྱོགས་ལ་ཁྲིད་སྟོན་ཡང་དག་བྱེད་པ་དང་། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་བ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་དེ་བས་གསོན་ཤུགས་ལྡན་པ་དང་། དེ་བས་བསྟུན་མཁས་ལྡན་པ། དེ་བས་རྒྱུན་མཐུད་ཆོག་པ་བཅས་ཀྱི་དུས་མཚམས་གསར་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་མི་འདྲ་བ་དང་ཚོགས་སྤྱི་མི་འདྲ་བར་དེ་བས་ལེགས་པའི་ཕན་པ་ཐོབ་པར་བྱེད་དགོས།

    གཅིག གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་ཤུགས་ཆེན་འཕར་བར་སྐུལ་འདེད་གཏོང་དགོས། ཚན་རྩལ་གྲུབ་འབྲས་ཀྱིས་མིའི་རིགས་ཧྲིལ་པོར་བདེ་སྐྱིད་སྐྲུན་པའི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་བྱས་ཏེ་ཚན་རྩལ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཤེས་བྱ་དང་ལག་རྩལ་གོ་ལ་ཧྲིལ་པོར་འཁོར་རྒྱུག་ཐུབ་པར་བྱེད་དགོས།

    གཉིས། དུས་བསྟུན་མདུན་སྐྱོད་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཁྲོད་རྒྱལ་ཁབ་ཁག་དབང་ཆ་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ཡོང་བའི་འགན་ལེན་བྱེད་དགོས། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་མ་ལག་འཛུགས་པར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོའི་ངང་ཤར་བགྲོད་ཐུབ་པར་སྲུང་སྐྱོང་བྱེད་དགོས།

    གསུམ། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་དོ་མི་མཉམ་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། འཛམ་གླིང་གི་དར་རྒྱས་དང་བརྟན་ལྷིང་དེ་དབུལ་པོ་ཇེ་དབུལ་དང་ཕྱུག་པོ་ཇེ་ཕྱུག་གི་རྨང་གཞིའི་ཐོག་འཛུགས་མི་རུང་བར། རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ནི་འཕེལ་རྒྱས་ངོ་མ་ཡིན། མི་རྩ་བར་འཛིན་པ་དང་། འཕེལ་རྒྱས་སྔར་བས་དོ་སྙོམ། གོ་སྐབས་སྔར་བས་འདྲ་མཉམ་བཅས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ལམ་བུར་བསྐྱོད་དེ་རྒྱལ་ཁབ་མི་འདྲ་བ་དང་། རིམ་གྲས་མི་འདྲ་བ། མི་ཚོགས་མི་འདྲ་བ་བཅས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདས་ཟིན་པའི་ལོ་30ཡི་རིང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་འཕར་ཤུགས་རྒྱུན་འཁྱོངས་ཐུབ་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ངོ་མཚར”བཏོད་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ལ་ཐོབ་པའི་གྲུབ་འབྲས་ནི། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱིས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བའི་མེ་འཁོར་གྱི་མགོ་མུ་མཐུད་བྱས་ནས་གཞུང་འཁྱོངས་གསར་འབྱེད་བྱེད་པ་དང་། སྒོ་དབྱེའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་བསྟུན་མཁས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གསེར་གྱི་མིང་བྱང་གཏོད་པ། ལྗང་མདོག་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་གྲངས་འཛིན་གྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མིང་བྱང་གསར་པ་གཏོད་པ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་འཕེལ་རྒྱས་ཀྱི་གོམ་སྟབས་རྗེས་མའི“རྫོགས་ལྡན་གྱི་ལོ་སུམ་ཅུ”གཏོད་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་མུ་མཐུད་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་ཡིན། ཀྲུང་གོར་འདི་ལོའི་དཔལ་འབྱོར་འཕར་བའི་དམིགས་ཚད་མངོན་འགྱུར་ཐུབ་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེ་ཤོས་ཀྱི་ནུས་པ་མུ་མཐུད་འདོན་པར་གདེང་ཚོད་ཀྱིས་ཁེངས་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ཀྱི་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འཛམ་གླིང་དཔལ་འབྱོར་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་མུ་མཐུད་སྣེ་ཁྲིད་བྱ་རྒྱུ་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་གོ་ལ་ཧྲིལ་པོའི་ལྗང་མདོག་ཕྱོགས་སྒྱུར་ལ་མུ་མཐུད་སྒུལ་ཤུགས་གལ་ཆེན་མཁོ་འདོན་དང་གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་ལེགས་སྐྱེས་གལ་ཆེན་འབུལ་རྒྱུ་ཡིན། ཀྲུང་གོས་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་པ་དང་། རང་བརྟེན་སྒོ་དབྱེ་དང་ཕྱོགས་རྐྱང་པའི་སྒོ་དབྱེའི་སྲིད་ཇུས་དེ་བས་མང་བ་འདོན་པ། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཚོང་དོན་ཁུལ་གྱི་དྲ་རྒྱ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་འཛམ་གླིང་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མུ་མཐུད་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་འཕེལ་རྒྱས་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་ཁ་འབྲལ་ཐབས་མེད་ལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ལ་སྔར་བས་བདེ་སྐྱིད་བསྐྲུན་རྒྱུ་ཡིན། ང་ཚོས་སྒོ་དབྱེ་མཉམ་འབྲེལ་གྱི་སྙིང་སྟོབས་ལག་ལེན་བསྟར་ཚེ། ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དར་རྒྱས་དང་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བའི་བདེ་ལམ་དུ་འགྱུར་ཐུབ། ང་ཚོས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་མཉམ་དུ་བསུས་ནས་འཛམ་གླིང་ཐུན་མོང་ཐོག་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།