ཞི་ཅིན་ཕིང་གིས་པར་ཙིར་གྱི་སྨྱན་སྦྱོར་ཐོག་མཚན་བཀོད་རྩོམ་ཡིག་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-11-19   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་གཡོད་རེ་ནེ་ལུའུ་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་17ཉིན་ལི་གཡོད་རེ་ནེ་ལུའུ་རུ་ཕེབས་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པ་དང་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་སྐབས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙིར་གྱི《ཧྲེང་པའོ་ལུའོ་ཚགས་པར》ཐོག་འགོ་བརྗོད་དུ《ས་ཐག་རིང་ཡང་མཛའ་བཤེས་ལས་དབང་གཅིག་ཏུ་སྦྲེལ། རླུང་གཡོར་མཉམ་དུ་བསྒྲེངས་ནས་མདུན་དུ་བསྐྱོད》ཅེས་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་བ་རེད། རྩོམ་ཡིག་གི་གནད་བསྡུས་གཤམ་གསལ།

    ས་ཐག་རིང་ཡང་མཛའ་བཤེས་ལས་དབང་གཅིག་ཏུ་སྦྲེལ། རླུང་གཡོར་མཉམ་དུ་བསྒྲེངས་ནས་མདུན་དུ་བསྐྱོད།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཞི་ཅིན་ཕིང་།

    ཙུང་ཐུང་ལུའུ་ལཱ་ཡི་གདན་ཞུས་ལྟར་ངས་མི་རིང་བར་པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་བྱས་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ལི་གཡོད་རེ་ནེ་ལུའུ་ཡི་དབུ་ཚོགས་ལ་ཞུགས་རྒྱུ་ཡིན།

    མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་བྱུང་བཞིན་ཡོད་པ་དང་། འགྲན་སློང་གསར་པ་དང་འགྱུར་ལྡོག་གསར་པ་སྣ་ཚོགས་འབྱུང་བཞིན་ཡོད། ས་གོ་ལའི་ཕྱེད་ཤར་མ་དང་ཕྱེད་ནུབ་མའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཉིས་དང་འབོ་གསེར་རྒྱལ་ཁབ་ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཀྲུང་པར་རྒྱལ་ཁབ་གཉིས་པོས་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས“རླབས་གཤགས་པ”དང“རླབས་འདེད་མཁན”བྱེད་ཕོད་པར་བྱས་ཏེ་ལག་གདང་སྦྲེལ་ནས་འགྲོ་ལམ་གསར་པ་བཏོད་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་དེ་བཞིན་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་མཉམ་དུ་སྐྱོད་དགོས།

    ང་ཚོས་ཀྲུང་པར་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་ནན་པོ་བྱེད་དགོས། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་སློབ་སྦྱོང་། ཕན་ཚུན་མིག་ལྟོས་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། སྲིད་གཞུང་དང་། སྲིད་ཏང་། ཁྲིམས་འཛུགས་ལས་ཁུངས་སོགས་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་འགྲོ་འོང་སྔར་བས་ཟབ་ཏུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་དང་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་གཉིས་པོའི་མཐོ་རིམ་མཐུན་སྦྱོར་དང་མཉམ་ལས་ཨུ་ཡོན་ལྷན་ཁང་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་གླེང་མོལ་སོགས་མཉམ་ལས་ལམ་སྲོལ་གྱི་ནུས་པ་མུ་མཐུད་འདོན་སྤེལ་གང་ལེགས་བྱེད་པ་དང་། བརྟན་པོ་དང་གནད་སྨིན་གྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་གང་ཐུབ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།

    ང་ཚོས་ཀྲུང་པར་རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་དགོས། ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོས་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་མི་དམངས་ཀྱི་བདེ་རྩ་ལེགས་སུ་གཏོང་བ་དམིགས་ཚད་གལ་ཆེན་དུ་བརྩིས་ནས་དེང་རབས་ཅན་མངོན་འགྱུར་གྱི་འགྲོ་ལམ་ཐོག་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བྱེད་བཞིན་ཡོད། མིག་སྔར་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད་པས། ཕྱོགས་གཉིས་པོས་དུས་རབས་ཀྱི་གོ་སྐབས་སྟངས་འཛིན་ནན་པོ་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་པར་ཙིར་གྱི་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་གཉིས་ཁེ་མཉམ་ལས་ཀྱི་འཐབ་ཇུས་རང་བཞིན་དང་། ཕྱོགས་ཡོངས་རང་བཞིན། གསར་གཏོད་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། དུས་རབས་ཀྱི་རླབས་རྒྱུན་དང་འཚམ་ལ་ཡུན་རིང་དམངས་ཕན་གྱི་དཔེ་སྟོན་རང་བཞིན་གྱི་རྣམ་གྲངས་དེ་བས་མང་བ་གཏོད་པ་བཅས་བྱས་ཏེ་རང་སོ་སོའི་རྒྱལ་ཁབ་དང་ས་ཁུལ་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

    ང་ཚོས་ཀྲུང་པར་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་རྨང་གཞི་ཟབ་ཏུ་གཏོང་དགོས། ཀྲུང་པར་རྒྱལ་ཁབ་གཉིས་པོའི་རིག་གནས་སྣ་མང་ཕུན་སུམ་ཚོགས་པ་དང་ཡིད་དབང་འཕྲོག་ཤུགས་དམིགས་བསལ་ལྡན་པས། ཕན་ཚུན་ཤུགས་རྐྱེན་ཐེབས་ནས་ཡིད་དབང་བཀུག་ཡོད། ཕྱོགས་གཉིས་པོས་སྒོ་དབྱེ་བསྟུན་མཁས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་ནས་རིག་གནས་དང་། སློབ་གསོ། ཚན་རྩལ། འཕྲོད་བསྟེན། ལུས་རྩལ། ཡུལ་སྐོར། ས་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོས་ཕར་ཕྱོགས་མི་དམངས་ཀྱི་སེམས་ནང་སྔར་བས་བཅོས་མིན་དང་། དངོས་གནས། གསོན་ཉམས་ལྡན་པ་བཅས་ཡོང་བར་བྱས་ནས་ཀྲུང་པར་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་བྱ་ཆེད་དམངས་ཁྲོད་ཀྱི་ཕོ་ཉ་དེ་བས་མང་བ་བསྐྱངས་ཏེ། མཛའ་གྲོགས་འགྲོ་འོང་ཁྲོད་རྒྱལ་ཁབ་གཉིས་པོའི་ཤེས་དཔལ་ཞི་མཐུན་མཉམ་གནས་དང་མཉམ་སྡུད་མཉམ་གསོག་ཡོང་བར་བྱས་ནས་འཛམ་གླིང་གི་ཤེས་དཔལ་མེ་ཏོག་ལྡུམ་ར་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་དགོས།

    ང་ཚོས་ཀྲུང་པར་རྒྱལ་ཁབ་གཉིས་པོའི་མཐུན་སྒྲིལ་རོགས་རེས་ཀྱི་རྒྱལ་ཁབ་ཆེན་པོའི་འགན་སེམས་གང་ལེགས་མངོན་དགོས། མིག་སྔར“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་ཚོགས་སྤྱི་རང་བཞིན་འབུར་དུ་ཐོན་ཡོད། འོན་ཀྱང་དེའི་སྐད་སྒྲ་དང་རེ་འབོད་མིག་སྔའི་རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་ཁྲོད་གང་ལེགས་མངོན་ཐུབ་མེད། འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཙོ་བོ་ཞིག་ཡིན་པའི་ངོས་ནས་ང་ཚོས་ལོ་རྒྱུས་ཀྱིས་ང་ཚོར་དཀྲིས་པའི་འགན་འཁྲི་དང་འགན་སེམས་ཕྲག་ཏུ་ཁུར་ནས་རྒྱ་ཆེའི“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་དང་མཉམ་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོབ་བརྟན་པོ་བྱེད་པ་དང་། མཉམ་ལས་བྱས་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་ཐུན་མོང་འཕེལ་རྒྱས་ཆེད་ཀྲུང་པར་རྒྱལ་ཁབ་གཉིས་པོའི་ལེགས་སྐྱེས་འབུལ་དགོས།

    ང་ད་ཐེངས་པར་ཙིར་དུ་འཚམས་འདྲིར་བསྐྱོད་པར་ད་དུང་དམིགས་ཡུལ་གལ་ཆེན་ཞིག་ཡོད་པ་དེ་ནི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རྒྱུ་དེ་ཡིན། རྒྱལ་ཁབ་ཉི་ཤུ་ཚོགས་པ་ནི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་ཞིག་རེད། པར་ཙིར་གྱིས་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྗེས“གཞུང་དྲང་གི་འཛམ་གླིང་དང་རྒྱུན་མཐུད་ཆོག་པའི་གོ་ལ་ཞིག་བསྐྲུན་རྒྱུའི”བརྗོད་དོན་གཙོ་བོ་གཏན་འཁེལ་བྱས་པ་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ལི་གཡོད་རེ་ནེ་ལུའུ་ཡི་དབུ་ཚོགས་བདེ་བླག་ངང་གཉེར་བར་རྨང་གཞི་ཡག་པོ་བཏིང་ཡོད། ཙུང་ཐུང་ལུའུ་ལཱ་ཡིས“བཀྲེས་ལྟོགས་དང་དབུལ་ཕོངས་ལ་འགོག་རྒོལ”བྱ་རྒྱུ་དེ་ལི་གཡོད་རེ་ནེ་ལུའུ་ཡི་དབུ་ཚོགས་ཀྱི་གྲོས་གཞི་གཙོ་བོར་བརྩིས་ནས“བཀྲེས་ལྟོགས་དང་དབུལ་ཕོངས་ལ་འགོག་རྒོལ་བྱེད་པའི་གོ་ལ་ཧྲིལ་པོའི་མནའ་འབྲེལ”འཛུགས་རྒྱུའི་གྲོས་འགོ་བཏོན་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱི་ཡིན།

    རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ལི་གཡོད་རེ་ནེའི་ལུའུ་ཡི་དབུ་ཚོགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད“པར་ཙིར་གྱི་བག་ཆགས”མངོན་གསལ་དོད་པོ་འཇོག་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད། ངས་ཀྱང་ཙུང་ཐུང་ལུའུ་ལཱ་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་པར་རྒྱལ་ཁབ་གཉིས་པོའི་འབྲེལ་བ“རྫོགས་ལྡན་ལོ་50”གསར་པར་སླེབས་རྒྱུར་སྣེ་ཁྲིད་བྱས་ཏེ་དེ་བས་དྲང་གཞག་དང་དེ་བས་རྒྱུན་མཐུད་ཆོག་པའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།