དགུན་དུས“གཟུཊ་མེད་ཀྱི་གཤེད་མ”འདིར་ཡིད་གཟབ་མཛོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-11-22   རྩོམ་ཁུངས།    中央广播电视总台藏语

        དགུན་དུས་གནམ་གཤིས་རིམ་བཞིན་ཇེ་གྲང་དུ་འགྲོ་བ་དང་བསྟུན་ནས། མི་མང་པོ་ཞིག་གིས་གྲང་ངར་འགོག་ཆེད་སྒོ་དང་སྒེའུ་ཁུང་དམ་པོར་རྒྱག་པ་དང་། ཡང་ན་མེ་ཐབ་ཀྱི་མཐའ་ནས་བསྐོར་ཏེ་ཇ་བསྐོལ་ནས་འཐུང་བའི་རྣམ་པ་ནི་ཧ་ཅང་དྲོ་སྐྱིད་ལྡན་པ་ཞིག་རེད། འོན་ཀྱང་བལྟས་པ་ཙམ་གྱིས་རྒྱུན་ལྡན་གྱི་བྱ་སྤྱོད་འདི་ལ་བརྟེན་ནས་ཤེས་མེད་ཚོར་མེད་ངང་    དབྱང་གཅིག་ཐཱན་འགྱུར་གྱི་དུག་མི་ཕོག་པའི་ངེས་པ་མེད།

        ཉེ་ཆར་། ཡུན་ནན་དུ་དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་པའི་དོན་རྐྱེན་ཞིག་ཐོན་ཡོད། བརྡ་ཁྱབ་བཏང་བར་གཞིགས་ན། སྤྱི་ཟླ་11ཚེས་9ཉིན་གྱི་ཐོ་རེངས་སུ་ཡུན་ནན་ཞིང་ཆེན་ཀྲེན་ཞུང་རྫོང་ཧྥོ་ཅི་གྲོང་རྡལ་ཀྭ་ཝ་གྲོང་ཚོའི་གྲོང་མི་ཝུའུ་ཆེ་གེ་མོའི་ཁྱིམ་དུ་རྡོ་སོལ་བསྲེགས་ནས་དྲོད་ལེན་ཐབས་བྱས་པ་དང་། ཁང་པའི་སྒོ་དང་སྒེའུ་ཁུང་དམ་པོར་བརྒྱབ་པས། དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་ནས་མི་4ཚེ་ལས་འདས་པ་དང་མི་1ལ་རྨས་སྐྱོན་ཕོག་ཡོད།

        གཞན་ཡང་། སྤྱི་ཟླ་11པ་ནས་བཟུང་དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་པ་ལས་བྱུང་བའི་སྐྱོ་གར་མང་པོ་ཐོན་ཡོད་དེ། སྤྱི་ཟླ་11ཚེས་5ཉིན་ཧུའུ་ནན་ལུང་ཧུའེ་ཡི་དམངས་སྲོལ་མགྲོན་ཁང་ཞིག་ཏུ་དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་པའི་དོན་རྐྱེན་ཐོན་ནས་མི་2ཚེ་ལས་འདས་ཤིང་མི་1ལ་རྨས་སྐྱོན་ཕོག་ཡོད། སྤྱི་ཟླ་11ཚེས་3ཉིན་ཨན་ཧུའེ་ཝུའུ་ཧུའུ་ཡི་སྤྱི་གླིང་ཞིག་ཏུ་མི་2གུར་ནང་དུ་ཚེ་ལས་འདས་པ་དང་། དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་ནས་གྲོངས་པའི་དོགས་གཞི་ཆེན་པོ་ཡོད།

        དབྱང་གཅིག་ཐཱན་འགྱུར་ནི་རྡོ་སོལ་དང་། འབུད་ཤིང་། སྦུག་ལམ་སོལ་རླངས། སྲ་གཟུགས་ཆང་བཅུད། རླངས་སྣུམ། ཁྲའེ་ཡིའུ་སྣུམ། སོལ་སྣུམ་སོགས་འབར་བའི་བརྒྱུད་རིམ་ཁྲོད་ལས་གྲུབ་པ་ཞིག་ཡིན། དེ་དག་དབྱང་རླུང་འཕྲད་ན། ད་གཟོད་མེ་རུ་འབར་ཁར། རླུང་འགྲོ་ཡག་པོ་མེད་སར་མཁའ་དབུགས་ཁྲོད་དབྱང་རླུང་འདུས་ཚད་ཆག་པ་དང་འབར་རྒྱུ་ཡག་པོ་འབར་མི་ཐུབ་པའི་དབང་གིས་དབྱང་གཅིག་ཐཱན་འགྱུར་དུ་གྲུབ་ཚད་ཇེ་མང་དུ་འགྲོ་གི་ཡོད། དེ་ལྟར་དབྱང་གཅིག་ཐཱན་འགྱུར་གྱི་གསོག་ཚད་དེ་མཁའ་དབུགས་ཁྲོད་ཀྱི་གར་ཚད་ངེས་ཅན་ཞིག་ལ་སླེབས་པ་ན་དུག་ཕོག་པའི་ཉེན་ཁ་ཡོད།

        དབྱང་གཅིག་ཐཱན་འགྱུར་ནི་ཁ་དོག་དང་། བྲོ་བ། དྲི་མ་བཅས་མེད་པའི་དུག་ལྡན་རླངས་གཟུགས་ཤིག་ཡིན་པས། མི་རྣམས་ནས་ཚོར་དཀའ་ཞིང་། གལ་ཏེ་གང་དེ་བརྔུབས་ཚེ། དབང་རྩའི་མ་ལག་དང་དབུགས་ལམ་མ་ལག་ལ་གནོད་འཚེ་ཚབས་ཆེན་བཟོ་བ་མ་ཟད། ཐ་ན་སྲོག་ལའང་ཉེན་ཁ་ཡོད། 

        འཕྲལ་སྡོམ་དོ་དམ་པུས་དམིགས་བསལ་དྲན་སྐུལ་ཞུ་དོན།

        དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་པར་དོགས་ཟོན་བྱེད་དགོས་པ་ལས་སྣང་མེད་དུ་འཇོག་པ་དང་ལྷོད་གཡེང་སྤུ་ཙམ་གཏོང་མི་རུང་། རྡོ་སོལ་དང་སོལ་བ་སོགས་ལ་བརྟེན་ནས་དྲོད་ལེན་སྒྲིག་ཆས་བེད་སྤྱོད་ཡང་དག་བྱེད་དགོས་པ་དང་། རྡོ་སོལ་བསྲེགས་ཚར་བ་བྱ་དགོས་པ་ལས་དབུགས་སུབ་ཐེབས་མི་རུང་། རྒྱུན་དུ་རླུང་རྒྱུ་རུ་བཅུག་སྟེ་ཁང་པའི་ནང་གི་མཁའ་རླུང་གཙང་མ་ཡོང་བར་རྒྱུན་འཁྱོངས་བྱེད་དགོས། སྤུས་ཚད་ལ་འགན་ལེན་ཡོད་པའི་ཆུ་སྐོལ་ཆས་དང་སོལ་རླངས་ཐབ་ཆས་སྒྲིག་སྦྱོར་དང་བེད་སྤྱོད་ཡང་དག་བྱེད་དགོས་པ་མ་ཟད། དུས་བཀག་ལྟར་ཞིབ་བཤེར་བཟོ་བཅོས་བྱེད་དགོས། འགྲོ་མཚམས་བཞག་ཅིང་མཁའ་རླུང་སྙོམས་སྒྲིག་བཏང་བ་དང་། སྒོ་སྒེའུ་དམ་པོར་བརྒྱབ་པའི་རླངས་འཁོར་ནང་དུ་ཡུན་རིང་སྡོད་མི་ཉན།

        གལ་སྲིད་དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་ཚེ་ཇི་ལྟར་བྱ་དགོས་སམ།

  • དང་ཐོག དེ་མ་ཉིད་དུ་སྒོ་དང་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་པ་དང་། སོལ་རླངས་དང་། སོལ་རླངས་ཐབ་ཆས། ཆུ་སྐོལ་ཆས་ཀྱི་སྟེམ་སྒོ། སྦུག་ལམ་སོལ་རླངས་སོགས་སྒྲིག་ཆས་ཀྱི་སྒོ་འཕྲལ་མར་རྒྱག་པ་དང་ཆབས་ཅིག མེ་ཆ་སོགས་མེ་སྟག་འབྱུང་སླ་བའི་དངོས་རྫས་སྤྱོད་མི་རུང་།

  • དེ་རྗེས་ནད་པ་མགྱོགས་མྱུར་ངང་དུག་ཕོག་ཡུལ་ནས་མཁའ་རླུང་སོས་པ་དང་རླུང་འགྲོ་ཡག་སར་གནས་སྤོ་བྱ་དགོས་ལ། དུག་ཕོག་མཁན་གྱི་དབུགས་རྔུབ་ལེན་ཤར་བགྲོད་ཐུབ་ཆེད་གོང་པའི་ཐེབས་ཆི་དཀྲོལ་དགོས་པ་དང་། དྲོད་སྲུང་བྱ་རྒྱུར་དོ་སྣང་བྱེད་དགོས་པ་མ་ཟད། འཕྲལ་མར་སྨན་ཁང་དུ་སྐྱེལ་དགོས།