ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།《འབྲུ་རིགས་ལ་གྲོན་ཆུང་བྱེད་པ་དང་བཟའ་བཅའ་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་ཇུས་གཞི》བཀྲམ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-11-27   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《འབྲུ་རིགས་ལ་གྲོན་ཆུང་བྱེད་པ་དང་བཟའ་བཅའ་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་ཇུས་གཞི》བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    གྲོན་ཆུང་ནན་ཏན་བྱེད་པ་དང་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། ཕྱོགས་ཡོངས་ནས་གྲོན་ཆུང་བྱེད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བཅའ་ཁྲིམས》དང《བཟའ་བཅའ་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། འབྲུ་རིགས་དང་བཟའ་བཅའ་གྲོན་ཆུང་གི་སྤྱོད་གོ་ཆོད་པའི་ཕུགས་ཕན་ལམ་སྲོལ་གང་མགྱོགས་འཛུགས་པ། འབྲུ་རིགས་ལ་གྱོང་གུན་བཟོ་བ་དང་བཟའ་བཅའ་འཕྲོ་བརླག་གཏོང་བའི་གནད་དོན་ཐག་གཅོད་ཤུགས་ཆེན་བཅས་བྱ་ཆེད་ཇུས་གཞི་འདི་བཟོས་པ་རེད།

    ཇུས་གཞིའི་ནང་ཁ་གསལ་བཏོན་པའི་སྤྱིའི་དམིགས་ཚད་ནི། ཐོན་འཕར་ཡོང་བར་ངེས་པར་དུ་གྲོན་ཆུང་བྱེད་པ་དང་གྲོན་ཆུང་ནི་ཐོན་འཕར་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། སྙིང་རུས་གཏན་འཁྱོངས་དང་། རྒྱུན་འཛིན་ལྷོད་མེད། དམ་འཛིན་ནན་པོ་བཅས་མཐའ་འཁྱོངས་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་པ་བཅས་བྱས་ཏེ་འབྲུ་རིགས་དང་བཟའ་བཅའི་ཟད་གྲོན་འཕྲོ་བརླག་གཏོང་ཚད་ཉུང་དུ་ཏན་ཏིག་གཏོང་དགོས་པ་དང་། 2027ལོའི་ལོ་མཇུག་ཏུ་སླེབས་སྐབས་འབྲུ་རིགས་དང་བཟའ་བཅའ་གྲོན་ཆུང་གི་ཕུགས་ཕན་ལམ་སྲོལ་དེ་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྲུ་རིགས་ལ་གྱོང་གུན་བཟོ་བ་དང་བཟའ་བཅའ་འཕྲོ་བརླག་གཏོང་བའི་ཐད་ཀྱི་བསྡོམས་རྩིས་བརྟག་དཔྱད་ལམ་ལུགས་དང་། ཚད་གཞི་ཚད་ལྡན། དམིགས་ཚད་མ་ལག་བཅས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། འབྲུ་རིགས་ཐོན་སྐྱེད་དང་། བཀར་འཇུག སྐྱེལ་འདྲེན། ལས་སྣོན་བཅས་བྱེད་སྐབས་གྱོང་གུན་ཕོག་ཚད་དེ་རྒྱལ་སྤྱིའི་ཆ་སྙོམས་ཆུ་ཚད་མན་དུ་ཚོད་འཛིན་བྱེད་པ། བཟའ་བཏུང་ལས་རིགས་དང་། ལས་ཁུངས་ཀྱི་ཟ་ཁང་། སློབ་གྲྭའི་ཟ་ཁང་། ཁེ་ལས་ཀྱི་ཟ་ཁང་སོགས་ཀྱི་མི་རེའི་ཆ་སྙོམས་བཟའ་བཅའ་འཕྲོ་བརླག་གཏོང་ཚད་མངོན་གསལ་དོད་པོས་ཆག་ནས་བཟའ་བཏུང་འཕྲོ་བརླག་གཏོང་བ་གཏན་འགོག་མཐའ་གཅིག་ཏུ་བྱས་ཡོད། མུ་མཐུད་འབད་བརྩོན་དང་དམངས་ཡོངས་ཞུགས་ནས་འབྲུ་རིགས་གྲོན་ཆུང་བྱེད་པ་དང་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པ་དེ་སྤྱི་ཚོགས་ཡོངས་ཀྱི་དར་སྲོལ་ཞིག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ་བཅས་ཡིན།

    ཇུས་གཞིའི་ནང་གཤམ་གསལ་ཐད་བཀོད་སྒྲིག་བྱས་པ་སྟེ། གཅིག འབྲུ་རིགས་གྲོན་ཆུང་དང་གྱོང་གུན་ཉུང་དུ་གཏོང་བའི་བྱ་སྤྱོད་ཐད་འཕྲུལ་འཁོར་གྱིས་འབྲུ་རིགས་བསྡུ་སྐབས་གྱོང་གུན་བཟོ་ཚད་ཉུང་དུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། འབྲུ་རིགས་བཀར་འཇུག་བྱེད་སྐབས་གྱོང་གུན་དང་ཟད་གྲོན་ཉུང་དུ་གཏོང་བ། འབྲུ་རིགས་སྐྱེལ་འདྲེན་བྱེད་སྐབས་གྱོང་གུན་བཟོ་ཚད་ཉུང་དུ་གཏོང་བར་ཤུགས་སྣོན་རྒྱག་པ། འབྲུ་རིགས་ལས་སྣོན་བྱེད་སྐབས་གྱོང་གུན་བཟོ་ཚད་ཉུང་དུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་འདོན་དགོས། གཉིས། དམངས་ཡོངས་ཀྱིས་འབྲུ་རིགས་གྲོན་ཆུང་བྱེད་པའི་འདུ་ཤེས་ཆེ་རུ་གཏོང་བའི་བྱ་སྤྱོད་ཐད་ཁྱིམ་ཚང་དང་མི་སྒེར་གྱིས་བཟའ་བཅའ་འཕྲོ་བརླག་གཏོང་ཚད་ཉུང་དུ་གཏོང་བ་དང་། དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། གཞོན་ནུ་ལོ་ཆུང་གི་སློབ་གསོ་དང་ཧུར་བསྲིས་གྲོན་ཆུང་གི་ཁྱིམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་བླང་བྱ་འདོན་དགོས། གསུམ། བཟའ་བཏུང་ལས་རིགས་ཀྱིས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་སྤེལ་ནས“སྡེར་གཙང་བྱ་སྤྱོད”གཏིང་ཟབ་སྤེལ་བ་དང་། ཁྲིམས་འགལ་ཆད་གཅོད་ལ་ཤུགས་སྣོན་རྒྱག་པ།

        ལས་རིགས་རང་འདོམས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བླང་བྱ་འདོན་དགོས། བཞི། ལས་ཁུངས་ཟ་ཁང་གིས་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་བྱ་སྤྱོད་སྤེལ་དགོས་པ་སྟེ། ལས་ཁུངས་ཀྱི་ཟ་ཁང་དང་། སློབ་གྲྭའི་ཟ་ཁང་། ཁེ་ལས་ཀྱི་ཟ་ཁང་བཅས་ལ་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་བླང་བྱ་འདོན་དགོས། ལྔ། གྱོང་གུན་བཟོ་བ་དང་འཕྲོ་བརླག་གཏོང་བའི་ཐད་བསྡོམས་རྩིས་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་བསྡོམས་རྩིས་བརྟག་དཔྱད་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ཁུལ་ཁོངས་དབྱེ་ནས་ཆེད་དོན་བསྡོམས་རྩིས་བརྟག་དཔྱད་བྱེད་དགོས་པའི་བླང་བྱ་འདོན་དགོས། དྲུག འགན་སྲུང་བྱེད་ཐབས་ཐད་སྒྲིག་འཛུགས་ལག་བསྟར་ལ་ཤུགས་སྣོན་རྒྱག་པ་དང་། དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་བླང་བྱ་འདོན་དགོས།