རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-03   རྩོམ་ཁུངས།    ཁམས་པའི་དྲ་བ།
དང་པོ། ཐ་མག་གཅོད་པར་ཕྱི་རྒྱུ་མེད།
གསོ་རིག་འཕྲོད་བསྟེན་ཆེད་མཁས་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། ཐ་མག་འཐེན་མཁན་གྱི་ངོས་ནས་བཤད་ན། ཐ་མག་གཅོད་པ་ཇི་ཙམ་སྔ་ན་དེ་ཙམ་གྱིས་ཡག་པོ་ཡོད་པ་རེད། ཐ་མག་ག་དུས་བཅད་ཀྱང་ཕྱི་རྒྱུ་ཡོད་པ་མ་རེད། ཅེས་བསྟན་འདུག་པ་དང་། ཐ་མག་འཐེན་མཁན་ཞིག་ལ་མཚོན་ན་ལོ30ཡི་སྟེང་དུ་ཐ་མག་བཅད་ན་ཐ་མག་འཐེན་པ་ལས་བྱུང་བའི་སྙིང་ནད་བརྒྱ་ཆ90གཡོལ་ཐུབ་པ་དང་། ལོ59ལ་མ་སོན་གོང་ཐ་མག་འཐེན་པ་བཅད་ན་ཐ་མག་འཐེན་མཁན་དང་བསྡུར་ན་རྩ་ནད་རིགས་ཅང་ཉུང་བ་དང་། ལོ60ལོན་རྗེས་ཐ་མག་བཅད་ཀྱང་ངན་སྐྲན་གྱིས་ཤི་ཚད་ཇེ་ཉུང་འགྲོ་བ་མངོན་གསལ་དོད་པོ་རེད་འདུག་གོ།
གསོ་རིག་ཆེད་མཁས་པས་བརྟག་དཔྱད་བྱས་པ་ལྟར་ན། ཐ་མག་འཐེན་མཚམས་བཞག་ནས་ཆུ་ཚོད6འགོར་རྗེས་སྙིང་གི་འཕར་ཚད་ཇེ་དམའ་རུ་འགྲོ་བ་དང་། ཁྲག་ཤེད་ཀྱང་ཇེ་དམའ་རུ་འགྲོ། ཐ་མག་འཐེན་མཚམས་བཞག་ནས་ཆུ་ཚོད12སོང་རྗེས་ནེ་ཁི་ཐྲེན(尼古丁)ལུས་ཕྱིར་ཕུད་ནས་བདེ་ཐང་གི་མངོན་མེད་རྐྱེན་ངན་ཉུང་དུ་གཏོང་ཐུབ། དུས་ཚོད24ཡི་རྗེས་སུ། དབྱང་གཅིག་སོལ་རྫས(一氧化碳)གློ་བས་ཕྱིར་ཕུད་པ་དང་། འབྱིན་རྔུབ་མ་ལག་གི་བྱེད་ནུས་མངོན་གསལ་གྱིས་ལེགས་བཅོས་བྱེད་ཐུབ། ཐ་མག་བཅད་ནས་ཉིན་གཉིས་ཀྱི་རྗེས་སུ་ལག་པ་དང་རྐང་བའི་ཁྲག་གི་འཁོར་སྐྱོད་མངོན་གསལ་གྱིས་ཇེ་མཐོར་འགྲོ། ཐ་མག་བཅད་ནས་ལོ་གཅིག་འགོར་རྗེས། སྙིང་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་འགྲོ་སྲིད། ཐ་མག་བཅད་ནས་ལོ10འགོར་རྗེས། ནད་ཕོག་པའི་ཉེན་ཁ་ནི་ཐ་མག་མི་འཐེན་པའི་མི་དང་ཕལ་ཆེར་གཅིག་འདྲ་ཡིན་ནོ།།
གཉིས་པ། ཐ་མག་གཅོད་ཐབས།
ཐ་མག་བཅོད་ཐབས་བྱ་དགོས་ན། ཐོག་མར་ཐ་མག་གཅོད་པའི་དཀའ་ཁག་ལ་ཚོད་དཔག་གང་ལེགས་བྱས་ཏེ། དེར་མཐུན་གྱི་གྲ་སྒྲིག་ཀྱང་བྱ་དགོས་པ་ཡིན། རྒྱུ་མཚན་ནི། ཐ་མག་བཅད་རྗེས་ལུས་པོ་ལ་མི་བདེ་བའི་ཚོར་སྣང་བཟོད་དཀའ་བ་སྣ་ཚོགས་འབྱུང་བ་དང་། མི་མང་པོས་སྡུག་བསྔལ་དེ་དག་བཟོད་མི་ཐུབ་པར་ཡང་བསྐྱར་ཐ་མག་འཐེན་མགོ་རྩོམ་པ་རེད་ལ། ཚེ་འདིར་ཐ་མག་གཅོད་ཐུབ་ས་མ་རེད་ཅེས་སྡོམ་ཚིག་ཀྱང་འགོད་པར་བྱེད་དོ།།
དེ་ལྟར་མི་སེམས་པར་ཐ་མག་བཅད་ཟིན་པའི་ཐ་མག་འཐེན་མཁན་མང་པོས་རང་ལུས་བདེ་ཐང་གི་ཆེད་དུ་དཀའ་ངལ་འདི་དག་ལ་གདོང་གཏད་ནས་སེམས་ཤུགས་བསྐྱེད་དེ་ཐ་མག་བཅད་པ་རེད་བསམ་དགོས་ལ། ཐེངས་སྔོན་མར་ཐ་མག་བཅད་པའི་དཀའ་ངལ་བླངས་བྱར་བཟུང་སྟེ་ཐ་མག་གཅོད་པའི་དམིགས་ཡུལ་འགྲུབ་པར་བྱ་དགོས་སོ།།
ཐ་མག་གཅོད་པ་ལ་ད་དུང་ཚན་རིག་དང་ཅུང་མཐུན་པའི་བྱེད་ཐབས་རེ་སྤྱད་ཆོག་སྟེ། རང་ཉིད་ཀྱི་གནས་ཚུལ་དང་ད་ལྟའི་ཆ་རྐྱེན་ལ་གཞིགས་ནས། གོམ་པ་རེ་རེ་བྱས་ནས་དུས་རིམ་དབྱེ་བ་དང་། འཆར་གཞི་ལྟར་རིམ་གྱིས་ཐ་མག་གཅོད་པར་འབད་དགོས། ཐ་མག་གཅོད་ཐུབ་མཁན་མང་པོ་ཞིག་ལ་ཐ་མག་གི་ཉེས་དམིགས་དང་གནོད་སྐྱོན་སོགས་ཀྱི་བསླབ་བྱ་མང་པོ་ཐོབ་རྗེས་ཐ་མག་དང་རྒྱང་དུ་གྱེས་ཐུབ་པ་ཡིན་ལ། ཐ་མག་གཅོད་ཐབས་འདི་དར་སྤེལ་དགོས་མོད། འོན་ཀྱང་མི་ལ་ལ་ཞིག་ལ་མཚོན་ན་ཅུང་དཀའ་བས། ཁྱིམ་མི་དང་གྲོགས་པོ་ཚོས་གུ་ཡངས་གནང་བ་དང་། དུས་ཚོད་དང་། ཁོར་ཡུག་སོགས་འཚམས་པོ་དགོས་ཤིང་ཐ་མག་གཅོད་པའི་དམིགས་ཡུལ་འགྲུབ་པ་ལ་རོགས་རམ་བྱ་དགོས། དུས་ཚོད་ལྟོས་བཅས་ཀྱིས་ཅུང་ཐུང་ཙམ་ཞིག་ཡིན་དགོས། དུས་ཚོད་ཟླ་བ་གསུམ་དང་། ཟླ་བ་ལྔ། ལོ་ཕྱེད། ལོ་གཅིག་ལྟར་བྱས་ན་མི་འགྲིག་པས་ཐ་མག་གཅོད་པའི་གོ་སྐབས་འཆོར་ངེས་སོ།།
གཤམ་དུ་ཐ་མག་གཅོད་མཁན་མང་པོ་ཞིག་གིས་ཐ་མག་གཅོད་པའི་ཐབས་ཏེ། ཐ་མག་གཅོད་གྲབས་བྱེད་པའི་ཐ་མག་འཐེན་མཁན་རྣམས་ལ་དཔྱད་གཞི་ཞིག་ཕུལ་བ་ཡིན་ནོ།།
1.རང་འགུལ་གྱིས་ཐ་མག་གཅོད་པ།
གོང་གསལ་ཐ་མག་དེ་དག་གིས་མིའི་ལུས་ཕུང་ལ་གནོད་པའི་འབྲེལ་ཡོད་ཀྱི་དན་གྲངས་མཐོང་རྗེས། ལུས་ཁམས་བདེ་ཐང་དང་ཁྱིམ་ཚང་ལ་འགན་འཁུར་བའི་རྣམ་འགྱུར་བཟུང་སྟེ། ཐ་མག་འཐེན་མཁན་གྱིས་སེམས་ཐག་བཅད་དེ་ཐ་མག་གཅོད་པའི་ཐབས་ལ་འབད་པ་བྱ་དགོས་སོ།།
2.ཁྱིམ་མིའི་ལྟ་སྐུལ་དང་དཔལ་འབྱོར་བཀག་སྡོམ་བྱེད་ཐབས།
རང་ཉིད་ལ་ཐ་མག་གཅོད་པར་དཀའ་ངལ་ཡོད་ཚེ། ཁྱིམ་མིས་ལྟ་སྐུལ་བྱེད་རོགས་བྱས་ཏེ་ཐ་མག་གཅོད་དུ་འཇུག་དགོས། རྒྱུ་མཚན་ནི་ཐ་མག་འཐེན་མཁན་ཉིན་རེ་བཞིན་ཁྱིམ་མི་དང་མཉམ་དུ་འཚོ་བ་རོལ་དགོས་པས་ཁྱིམ་མིས་སྟབས་བདེའི་སྒོ་ནས་ཐ་མག་འཐེན་མཁན་གྱི་བྱ་སྤྱོད་ལ་ལྟ་སྐུལ་བྱ་ཆོག ཐ་མག་ཉོ་སྤྱད་ཀྱི་དཔལ་འབྱོར་བཀག་སྡོམ་བྱ་དགོས་པ་ཡིན་ནོ།།
3.ཚབས་ཆེ་བའི་འབྲེལ་ཡོད་རྒྱུ་ཆ་དང་པར་རིས་ལ་བལྟས་ཏེ་ཐ་མག་གཅོད་དགོས།
པེ་ཅིང་བརྙན་འཕྲིན་ཁང་དུ་ཐ་མག་བཅད་པའི་སྤྱི་ཚོགས་སྤྱི་ཕན་འགྲེམ་བརྡ་ལ་ཐ་མག་འཐེན་མཁན་ཚོས་བལྟས་རྗེས་སྐྱུག་བྲོ་བའི་ཚོར་སྣང་བྱུང་བ་དང་། བརྙན་འཕྲིན་ནང་དུ་ཐོག་མར་འབག་བཙོག་ཐེབས་པའི་མཚོ་བལ་ཞིག་བྱུང་བ་དང་། མཚོ་བལ་བཙིར་བས་སྣུམ་ནག་བཙོག་པ་བྱུང་། མི་རྣམས་ཀྱིས་རྒྱུན་དུ་ཐ་མག་འཐེན་མཁན་གྱི་གློ་བ་ནི་མཚོ་བལ་བཙོག་པ་ལྟ་བུ་ཞིག་ཡིན་པར་སེམས། ཐ་མག་འཐེན་མཁན་རྣམས་ལ་རྟག་ཏུ་སྣང་བརྙན་འདི་འདྲ་མཐོང་དུ་བཅུག་ན་དེས་མཐོང་ཚོར་མ་ལག་ངར་སྐུལ་(དྲན་སྐུལ)བྱས་ཏེ། ཞེ་མེར་བའི་ཚོར་སྣང་འབྱུང་ཞིང་ཐ་མག་གཅོད་པར་ཕན་པ་ངེས་ཅན་ཡོད་དོ།།
4.སྤྱི་ཚོགས་ཀྱི་བྱེད་སྒོ་མང་པོར་ཞུགས་དགོས།
ཐ་མག་གཅོད་མཁན་རང་ཉིད་ཀྱི་ཁྱིམ་མི་དང་། གྲོགས་པོ་སོགས་ཀྱིས་སྐུལ་མ་བྱས་ཏེ་སྤྱི་ཚོགས་ཀྱི་བྱེད་སྒོ་མང་པོར་མཉམ་ཞུགས་བྱ་འཇུག་དགོས། དཔེར་ན། འདུ་འཛོམས་དང་། ལྒང་རྩེད་འགྲན་བསྡུར། སྒྲོ་བཟེད་རྒྱག་པ། འཕེན་འཕང་སྤོ་ལོ་རྩེ་བ། ལྗོངས་རྒྱུར་འགྲོ་བ་སོགས་སྤྱི་ཚོགས་ཀྱི་བྱེད་སྒོ་མང་པོ་བཀོད་སྒྲིག་བྱས་ནས་ཐ་མག་འཐེན་པའི་བར་ཐག་ཇེ་རིང་དུ་གཏོང་བའམ་ཐ་མག་ཚོད་འཛིན་བྱེད་དུ་བཅུག་ན་ཐ་མག་གཅོད་པར་ཕན། དེ་དང་མཉམ་དུ་སྤྱི་ཚོགས་ཀྱི་བྱེད་སྒོར་ཞུགས་རྒྱུ་མང་དུ་སོང་བས་གཞན་ཚང་མས་ཐ་མག་མི་འཐེན་པ་མཐོང་ཚེ་རང་ཡང་ངང་གིས་ཐ་མག་འཐེན་རྒྱུར་མི་དགའ་བར་ཆགས་འགྲོ་བ་ཡིན་ནོ།།
5.ཟས་རིགས་ཀྱིས་ཐ་མག་གི་ཚབ་བྱེད་ཐབས།
ཟས་སྐོམ་གྱིས་ཐ་མག་གི་ཚབ་བྱེད་པའི་ཐབས་ཤེས་འདི་རྒྱུན་པར་བཀོལ་བཞིན་ཡོད་པ་དང་། སྤྱིར་བཏང་དུ་ཕན་འབྲས་ཀྱང་ལེགས་པོ་ཐོན་ཐུབ་ཡོད་པ་རེད། དཔེར་ན། ཞོར་ཟས་དང་། ཀ་ར། ཁ་གཙང་ཐང་ཆུ། ཁོ་ཧྥེ། ཇ་ཆུ་སོགས་ཀྱིས་ཐ་མག་གི་ཚབ་བྱེད་པ་རེད་ལ། ཐ་མག་འཐེན་མཁན་གྱིས་ཐ་མག་འཐེན་འདོད་དུས། ཟས་སྐོམ་དེ་དག་གིས་ཁ་དང་གྲེ་བའི་འདོད་པའི་དགོས་མཁོ་བསྐངས་ཏེ། ཐ་མག་གཅོད་པའི་དམིགས་ཡུལ་འགྲུབ་པར་བྱེད་དགོས། འོན་ཀྱང་ཐབས་ཤེས་འདི་གཅིག་པུས་ཕན་འབྲས་ཆེན་པོ་ཐོན་དཀའ་བས་ཐབས་ཤེས་གཞན་དང་ཟུང་འབྲེལ་བྱས་ན་ཕན་འབྲས་དེ་ལས་ཆེན་པོ་ཐོན་ཐུབ་པ་ཡིན་ནོ།།
6.ཡོ་བྱད་ལ་བརྟེན་ནས་ཐ་མག་གཅོད་ཐབས།
ལོ་འགའི་སྔོན་ལ། པེ་ཅིང་གི་སྤྱི་གཉེར་ཁང་ཞིག་གིས་གློག་རྡུལ་གྱི་ཐ་མག་གཅོད་པའི་སྒྲིག་ཆས་ཆུང་ངུ་ཞིག་གསར་བཟོ་བྱས་ཡོད། དེའི་ཕྱིའི་རྣམ་པ་ནི་དུ་བ་ཞིག་དང་འདྲ་བས་འཐེན་སྐབས་ཀྱང་དུ་སྨུག་ཐོན་ཐུབ་པས། དེར་སྨུག་འགྱུར་གློག་རྡུལ་དུ་བ(雾化电子烟)ཞེས་ཟེར། སྤྱི་གཉེར་ཁང་དེའི་ཞིབ་འཇུག་གསར་སྤེལ་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། དེས་མི་རྣམས་ལ་ཐ་མག་འཐེན་པའི་གནས་ཚུལ་འོག་གོ་མེད་ཚོར་མེད་ངང་ཐ་མག་གཅོད་ཐུབ་པའི་ནུས་པ་ཞིག་ཡོད་པར་བསྟན། ཐོན་རྫས་དེ་རིགས་མིག་སྔར་པེ་ཅིང་དང་ཧྲང་ཧའེ་སོགས་སུ་ཕྱིར་འཚོང་བྱེད་ཀྱིན་ཡོད་པར་འདུག་གོ།
གསུམ་པ། ཉིན་ལྔའི་ཐ་མག་གཅོད་ཐབས།
མིག་སྔར། སྤྱི་ཚོགས་སྟེང་དུ་ཅུང་དར་ཁྱབ་ཆེ་བའི་ཉིན་ལྔའི་རིང་ལ་ཐ་མག་གཅོད་པའི་ཐབས་ཤིག་སྟེ། ཚང་མས་ཉིན་ལྔའི་ཐ་མག་གཅོད་ཐབས་ཟེར། དེ་ནི་གཙོ་བོ་རྩ་འཛུགས་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཐ་མག་གཅོད་པའི་འཆར་གཞི་ལག་བསྟར་བྱས་ཏེ། མཐའ་མར་ཐ་མག་གཅོད་པའི་དམིགས་འབེན་ལ་སླེབས་པ་ཞིག་ཡིན་ནོ།།
ཐ་མག་གཅོད་པའི་ཉིན་དང་པོ་ནི་གྲ་སྒྲིག་གི་དུས་རིམ་ཡིན། ཐ་མག་འཐེན་ན་བདེ་ཐང་ལ་གནོད་ཚུལ་དང་། ཐ་མག་བཅད་ན་བདེ་ཐང་ལ་ཕན་ཚུལ། དེ་མིན་ཐ་མག་གཅོད་པའི་གོ་རིམ་ཁྲོད་འཕྲད་པའི་གནད་དོན་སོགས་ལ་རྒྱུས་ལོན་བྱས་ཏེ། སེམས་པའི་གཏིང་ནས་གནད་དོན་ཐག་གཅོད་པར་གྲ་སྒྲིག་བྱེད་དགོས་པ་ཡིན་ནོ།།
ཉིན་གཉིས་པ་ནས་བཟུང་ཐ་མག་དངོས་སུ་གཅོད་དགོས། ཐ་མག་འཐེན་མཁན་རང་ཉིད་ཀྱིས་ཐ་མག་བཅད་པའི་གནས་ཚུལ་དེ་རང་ཉིད་ལ་གསལ་བས་ལྟ་སྐུལ་དང་། དོ་སྣང་དགོས་པར་མ་ཟད། ཐ་མག་དང་འབྲེལ་བའི་ཡོ་བྱད་སོགས་དོར་ནས་ཐ་མག་མི་འཐེན་པར་དམ་བཅའ་འཇོག་དགོས་པ་ཡིན་ནོ།།
ཉིན་གསུམ་པ་དང་བཞི་པ་ནི། གཙོ་བོ་ཐ་མག་མཚམས་གཅོད་པའི་ནད་རྟགས་འབྱུང་བའི་དུས་ཡིན། འདི་ནི་འགག་རྩའི་དུས་ཤིག་རེད། ཐ་མག་འཐེན་མཁན་གྱིས་ཐ་མག་འཐེན་མཚམས་བཞག་རྗེས། ལུས་ཕུང་ལ་ནེ་ཁི་ཐྲིན་གྱི་ཕོག་ཐུག་མེད་པར་གྱུར་པས་གློ་བུར་དུ་རྒྱུན་ལྡན་གྱི་རྙིང་ཚབ་གསར་བརྗེའི་ནུས་པ་སླར་གསོ་བྱུང་སྟེ། ཐོག་མར་དེ་མ་གོམས་པར་མགོ་ཡུ་འཁོར་བ་དང་། མགོ་ན་བ། ཁ་སྐམ་པ། གློ་ལུ་བ། ལུད་པ་མང་བ།ཤ་གནད་ལ་ན་ཟུག་འབྱུང་བ། རྔུལ་ཆུ་མང་བ། སེམས་ཚེགས་ཆེ་བ། སེམས་ཁམས་མི་བདེ་བ། ཁོག་པ་སྦོས་པ། བཤང་བ་འགགས་པ་སོགས་ཀྱི་གནས་ཚུལ་འབྱུང་བ་ཡིན། དེ་དུས། དཔེར་ན། ཁྱིམ་ལས་བྱེད་པ་དང་། གཞན་དང་ཁ་བརྡ་བྱེད་པ། ཚ་ཚད་དམའ་བའི་སིལ་ཟས་ཟ་བ། ལུས་པོ་འགུལ་བསྐྱོད་རན་པོ་བྱ་དགོས་པ་ཡིན་ནོ།།
ཉིན་ལྔ་པར་སྔོན་གྱི་ཉིན་བཞིའི་ནང་དུ་ཐ་མག་བཅད་པའི་མྱོང་ཚོར་ལ་ཕྱོགས་སྡོམ་ཞིག་བྱས་ཏེ། ཐ་མག་གཅོད་པའི་གོ་རིམ་ཁྲོད་དུ་འཕྲད་པའི་དཀའ་ངལ་གྱི་གནས་ཚུལ་དག་བཙལ་ནས་ནད་བསྟུན་སྨན་བཅོས་བྱ་དགོས། ཐ་མག་གི་ཆོད་སེམས་ཡང་བསྐྱར་ཇེ་དྲག་ཏུ་གཏོང་བ་དང་མཉམ་དུ་གཞན་གྱིས་ཐ་མག་མི་འཐེན་པའི་གུས་ཞབས་ལ་སློབ་སྦྱོང་བྱས་ཏེ། ཡང་བསྐྱར་ཐ་མག་མི་འཐེན་པའི་གཏན་འགོག་གི་ལམ་ཁར་དམ་བཅའ་འཇོག་དགོས་པ་ཡིན་ནོ།།
ཉིན་ལྔ་པའི་ནང་དུ་ད་དུང་ཐ་མག་གཅོད་པའི་ཐབས་གཞན་འགའ་སྤྱོད་དགོས། དཔེར་ན། ཟས་ཐུན་གཉིས་ཀྱི་བར་དུ་ཆུ་ཕོར6ནས8བར་འཐུང་ནས་ནེ་ཁི་ཐྲིན་ལུས་ཕྱིར་འཕུད་དུ་འཇུག་དགོས། ཉིན་རེར་ཆུ་དྲོན་མོས་ལུས་པོ་བཀྲུ་བ་དང་། ཉལ་ཐ་འཐེན་པར་བཟོད་མི་ཐུབ་ཚེ་མྱུར་དུ་ལུས་པོ་བཀྲུ་དགོས། ངལ་གསོ་གང་ལེགས་བྱས་ནས་འཚོ་བར་གོམས་གཤིས་ཡག་པོ་ཡོད་པར་བྱ་དགོས། ཟ་མ་ཟོས་རྗེས་སོ་བཀྲུ་བ་དང་། ཁ་བཤལ་བ། དུད་དྲི་མེད་པའི་ལྭ་བ་གྱོན་པ། དུས་ཚོད་མང་ཆེ་བར་དཔེ་ཆར་ལྟ་བ་དང་། མེ་ཏོག་འདེབས་འཛུགས་སོགས་དུས་ཚོད་ཡོད་ཚད་སློབ་སྦྱོང་དང་ལས་ཀའི་ཕྱོགས་སུ་གཏོང་དགོས། ཆང་ཁང་དུ་མི་འགྲོ་བ་དང་། ཐ་མག་འཐེན་མཁན་དང་མི་འགྲོགས་པར་མ་ཟད། ཉིན་ལྔ་ཡི་རྗེས་སུ་ཐ་མག་ལག་ཏུ་འཛིན་པའི་གོམས་གཤིས་ཀྱི་ཚབ་ཏུ་ལྕགས་སྨྱུག་དང་ཞ་སྨྱུག་སོགས་ལག་ཏུ་འཛིན་དགོས་ལ་ཐ་མག་གཏན་གཅོད་ཀྱི་དམིགས་ཡུལ་འགྲུབ་པར་བྱ་དགོས་སོ།།
ཐ་མག་གཅོད་ཐབས་ཀྱི་བདེ་ཐང་ཤེས་བྱ་འདི་ནི་ཕྱི་ལོ2024ལོའི་ཟླ11པའི་ཚེས27ཉིན། ཉི་མ་ནོར་བུས་སེར་ཤུལ་ལས་གཉེར་སློབ་གྲྭའི་སློབ་མ་དུད་འཐེན་འགའ་ལ་སྐད་ཆ་ཞིག་བཤད་པའི་རྒྱུ་ཆ་རུ་བདེ་ཐང་གི་གཏན་སྲོལ་ཆེན་མོ་བདུན་ཞེས་པའི་དཔེ་ཆ་ལས་བདམས་ཏེ་སློབ་གྲྭའི་རང་ཤག་ཏུ་བསྒྱུར་བའོ།