རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-04   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཚའེ་ཆི་ཚོགས་འདུར་ཞུགས་པ་དང་ཏིང་ཤུའེ་ཞང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཟླ་12ཚེས་2ཉིན། པེ་ཅིང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན། པེ་ཅིང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་ནས་ནན་བཤད་གནང་དོན། མིག་སྔའི་ཛ་དྲག་ལ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་འོག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་མོད། འོན་ཀྱང་སྤྱི་ཡོངས་ནས་བལྟས་ཚེ་གོ་སྐབས་ནི་འགྲན་སློང་ལས་ཆེ་བ་ཡོད་པས། ང་ཚོས་འཐབ་ཇུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། ཐེག་པ་ཁུར་ལེན་ཕོད་པ་བཅས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེན་ཧྲན་ཅེ་དང་། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་མཱ་ཁྲའོ་ཞུས། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་དབྱི་ལི། ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་མོང་ཧུའེ། ཀྲུང་གོ་པའོ་ཝུའུ་ལྕགས་དང་ངར་ལྕགས་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧུའུ་དབང་མིང་། དབྱི་ཤིན་ཨོའུ་ཚོང་དོན་ཞབས་ཞུ་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧྥེང་ཞུས་པིན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཀྲུང་གོའི་མཐའ་མཚམས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཤིང་ཀོང་ཁྲེང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་མ་ཟད། དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་ཀའི་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།
ཚང་མའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་2013ལོར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ཚུན། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཐད་ཐོག་མཐའ་བར་གསུམ་དུ་ཞི་བདེ་མཉམ་ལས་དང་། སྒོ་དབྱེ་བསྟུན་མཁས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཕན་གཉིས་ཁེ་བཅས་ཀྱི་དར་གོས་ལམ་བུའི་སྙིང་སྟོབས་རྒྱུན་འཁྱོངས་དང་ཐོག་མཐའ་བར་གསུམ་དུ་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་། མཉམ་ལས་ཀྱི་ཁྱབ་རྒྱ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། མཉམ་ལས་ཀྱི་རིམ་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་པར་བརྟེན། རྒྱལ་སྤྱིའི་བློ་སེམས་འགུགས་ཤུགས་དང་། ཤུགས་རྐྱེན་ཐེབས་ཤུགས། གོང་བུ་འགྲིལ་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་གྲུབ་འབྲས་གལ་ཆེན་ཐོབ་སྟེ། མཉམ་སྐྲུན་རྒྱལ་ཁབ་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་མཉམ་སྐྲུན་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཉེ་བའི་ལོ་ཤས་རིང་། འཛམ་གླིང་འདི་ཉིད་ཟང་ཟིང་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་ནས་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་ས་ཆ་ཁག་གཅིག་ལ་གདོང་ཐུག་དང་ཟིང་ཆ་ཡང་ཡང་ཐོན་བཞིན་ཡོད། རྒྱབ་ལྗོངས་དེ་འདྲའི་འོག “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། ངེས་པར་དུ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འོས་འཚམ་གཅོག་པ་དང་། ས་རྒྱུད་ཀྱི་གདོང་ཐུག་ཤུགས་རྐྱེན་ཁྱད་བསད་ནུས་ལྡན་བྱེད་པ། མཉམ་སྐྲུན་རྒྱལ་ཁབ་ཀྱི་ཐོབ་སྣང་ཆེ་རུ་གཏོང་བ་དང་རང་ཉིད་ལ་ཕན་པའི་འབྲེལ་བ་མཐའ་འཁྱོངས་བྱ་རྒྱུ་ཐག་གཅོད་ཡང་དག་བཅས་བྱས་ཏེ། ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་ཁེ་ཕན་གྱི་བདེ་འཇགས་འགན་སྲུང་ཏན་ཏིག་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་མགྱོགས་མྱུར་གཏོད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་དར་ཆ་མཐོན་པོར་སྒྲེང་བ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་དང་། སྒོ་དབྱེ་ལྗང་མདོག་སྤྱོད་གཙང་། ཚད་གཞི་མཐོ་བ་དང་། དམངས་འཚོར་ཕན་འདོགས་པ། རྒྱུན་མཐུད་ཆོག་པ་བཅས་ཀྱི་མཛུབ་ཁྲིད་ཀྱི་རྩ་དོན་མཐའ་འཁྱོངས། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་བྱ་སྤྱོད་བརྒྱད་ཀྱིས་ཁྲིད་སྟོན་དུ་བྱེད་པ། ཕན་ཚུན་སྦྲེལ་མཐུད་གཙོ་རྐང་དུ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་དང་། སྲིད་གཞུང་གི་ཁྲིད་སྟོན་དང་ཁྲོམ་རའི་འཁོར་སྐྱོད། ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་སྟབས་བསྟུན་ལེགས་གཏོང་། གྲངས་འབོར་འཕར་བ་དང་སྤུས་ཚད་མཐོར་གཏོང་བཅས་ཟུང་འབྲེལ་མཐའ་འཁྱོངས།
རྨང་གཞིའི་སྒྲིག་བཀོད་དང་སྲིད་ཇུས་སྦྲེལ་མཐུད་ཡག་པོ་ཡོང་བའི་མཉམ་སྐྲུན་རྒྱལ་ཁབ་མི་དམངས་ཀྱི“སེམས་སྦྲེལ”དང་སྤྱི་འདོམས་གཏིང་ཟབ་བྱེད་པ། མཚོན་བྱེད་རང་བཞིན་གྱི་ལས་གྲྭ་གལ་ཆེན་དང“ཆུང་ལ་མཛེས་པའི”དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་དང་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེ་བརྟན་གཏོང་ལ་སྤྱི་འདོམས་བྱེད་པ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཆུ་ཚད་དེ་བས་མཐོ་བ་དང་། མཉེན་ཤུགས་དེ་བས་ལྡན་པ། རྒྱུན་མཐུད་དེ་བས་ཆོག་པ་བཅས་ཀྱི་གཉིས་ཁེ་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལམ་སྲོལ་འཛུགས་སྐྱོང་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་ཀྱི་སྤྱི་འདོམས་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། “རྨང་གཞིའི་སྒྲིག་བཀོད་དང་སྲིད་ཇུས་ཀྱི་སྦྲེལ་མཐུད”དང་། “སེམས་སྦྲེལ”བཅས་ཀྱི་མཐུན་སྦྱོར་སྐུལ་འདེད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་དངོས་སྒྲུབ་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གསར་དར་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་སྣ་མང་ཅན་གྱི་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་ཕྱི་ནང་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕྱི་རྒྱལ་དུ་ཁེ་ཕན་འགན་སྲུང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་ཁྱབ་སྤེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱོད་གཙང་གི་དར་གོས་ལམ་བུའི་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། འཆར་གཞི་ལག་བསྟར་མཐའ་གཅིག་ཏུ་མཐའ་འཁྱོངས་བྱེད་པ་དང་། ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྒྲུབ་པ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཕོད་པ། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
ཏིང་ཤུའེ་ཞང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་ཀྱང་གནང་ཡོད། གཟིགས་རྒྱང་རིང་བ་དང་། དགོངས་པ་ཟབ་པ། རྒྱས་བཤད་གནད་ལ་འཕིགས་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་སླད་ཕྱིན་གྱི་རྫོགས་ལྡན་ལོ་བཅུའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད་ལ། མདུན་སྐྱོད་ཀྱི་ཁ་ཕྱོགས་ཀྱང་གསལ་སྟོན་གནང་ཡོད་པས། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་འཐབ་ཇུས་ཀྱི་བསམ་གཞིགས་དང་། བདེ་འཇགས་ཀྱི་འདུ་ཤེས། མ་ལག་གི་འདུ་ཤེས། རྒྱལ་སྤྱིའི་མིག་རྒྱང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། མ་ལག་ཅན་དང་ལམ་སྲོལ་ཅན་ལ་སྐུལ་འདེད་གཏོང་བ་གཙོ་གནད་དུ་བྱེད་པ། རྩེ་རིམ་ཇུས་འགོད་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ། བྱེད་ཐབས་དངོས་གཏན་འཁེལ། ཕྱི་ཕྱོགས་དང་མཉམ་ལས་ཟབ་ཏུ་གཏོང་བ། སྐད་གྲགས་ལྡན་ཞིང་སྤུས་ཚད་ལྡན་པའི་མཉམ་ལས་སྤུས་རྟགས་གྲགས་ཅན་ཁག་ཅིག་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་བྱེད་པར་ཤུགས་སྣོན་རྒྱག་པ། དཔེ་སྟོན་རང་བཞིན་དང་ཁྲིད་སྟོན་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་དེ་བས་མང་པོ་གྲུབ་པ་བཅས་བྱས་ཏེ་ཆུ་ཚད་དེ་བས་མཐོ་བ་དང་། མཉེན་ཤུགས་དེ་བས་ལྡན་པ། རྒྱུན་མཐུད་དེ་བས་ཆོག་པ་བཅས་ཀྱི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གཉིས་ཕན་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་ཐུན་མོང་ཐོག་གཏོད་དགོས་ཞེས་གསུངས་པ་རེད།
ཝང་དབྱི་དང་། ཧོ་ལི་ཧྥུང་། ཝུའུ་ཀྲེང་ལུང་བཅས་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།
“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་སྐུལ་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་ཞུགས་ཚན་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་སྐུལ་སྤེལ་འགོ་ཁྲིད་ཚོགས་ཆུང་གི་འགན་འཁུར་བློ་མཐུན་གཙོ་བོ། འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བ། རིགས་གཅིག་མཁས་ཅན་དང་མཁས་དབང་གི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།