རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-05   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུས《ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་སློབ་སྦྱོང་རྩ་གནད》སློབ་སྦྱོང་སྒྲིག་འཛུགས་ནན་ཏན་བྱེད་པའི་སྐོར་གྱི་བརྡ་ཐོ་བཀྲམ་ཞིང་། ནང་དོན་ཆ་ཚང་གཤམ་གསལ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ནས་རིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་གཞི་སྒྱུར་རྩ་སྒྱུར་དང་གཞུང་འཁྱོངས་གསར་འབྱེད་བྱེད་པའི་ཁྲོད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་གོམ་པ་བརྟན་པོ་སྤོས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་པ་ལས་གྲུབ་འབྲས་ཧ་ཅང་ཕུན་སུམ་ཚོགས་པོ་ལྡན་པའི་རིགས་པའི་གཞུང་ལུགས་གྲུབ་ཡོད།
2023ལོའི་ཟླ་10པར། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ཚོགས་འདུ་འཚོགས་ནས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དངོས་སུ་བཏོན་པ་དང་འབྲེལ། བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་ཀྱང་བྱས་ཏེ་རྒྱང་ལམ་གསར་པར་རང་རེའི་ཏང་གི་རིག་གནས་དར་ཆ་མཐོན་པོར་བསྒྲེངས་ཡོད། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནི་དུས་རབས་གསར་པར་ཏང་གིས་རིག་གནས་འཛུགས་སྐྱོང་ལ་འགོ་ཁྲིད་བྱེད་པའི་ལག་ལེན་ཉམས་མྱོང་གི་རིགས་པའི་གཞུང་ལུགས་ཀྱི་ཕྱོགས་སྡོམ་ཞིག་དང་། “ཟུང་འབྲེལ་གཉིས”མཐའ་འཁྱོངས་དང་མར་ཁེ་སི་རིང་ལུགས་ཀྱི་རིག་གནས་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིག་གནས་ཀྱི་ལེའུ་ཞིག་གྲུབ་སྟེ་དུས་རབས་གསར་པའི་རྒྱང་ལམ་གསར་པར་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་བ། རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བཅས་བྱེད་པར་བསམ་བློའི་དྲག་ཆས་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་གལ་ཆེན་མཁོ་འདོན་བྱས་ཡོད།
ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་ཁོང་དུ་ཆུད་རྒྱུར་རོགས་རམ་བྱ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུས《ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་སློབ་སྦྱོང་རྩ་གནད》(གཤམ་དུ《རྩ་གནད》ཅེས་བསྡུ་རྒྱུ)སྒྲིག་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པ་རེད། 《རྩ་གནད》ནང་རིག་གནས་ཁྱབ་ཁོངས་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་ཕྱོགས་ཡོངས་ནས་མཚོན་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་གཞི་རྩའི་དགོངས་དོན་དང་། གཞི་རྩའི་ནང་དོན། གཞི་རྩའི་བླང་བྱ་བཅས་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་པ་དེ་ནི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་ལེན་པར་དབང་གྲགས་ལྡན་པའི་རམ་འདེགས་ཀློག་དེབ་ཅིག་རེད།
རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་བསྲིང་ལྷོད་མེད་ངང་སྤྱད་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཏང་ཡོན་སྒྲིག་འཛུགས་བྱས་ནས་མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། རྩ་བའི་རིག་པ་རྟོགས་པ་བཅས་ནན་ཏན་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ལྟེ་བའི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་ལེན་པ། དེའི་ཁྲོད་དུ་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་ཁོང་དུ་ཆུད་གང་ཐུབ་བྱེད་པ། རྒྱུན་ཆད་མེད་པར་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཤེས་རྟོགས་དང་ཁོང་དུ་ཆུད་པ་བཅས་བྱེད་དགོས། 《རྩ་གནད》སློབ་སྦྱོང་བྱ་རྒྱུ་དེ་འཆར་གཞིའི་ནང་དུ་བཅུག་སྟེ། ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། ལས་བྱེད་པའི་གསོ་སྦྱོང་། ཏང་ཡོན་གྱི་སློབ་སྦྱོང་བཅས་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་བསླབ་གཞིར་འགོད་པ་དང་། སློབ་ཁང་དུ་སློབ་ཁྲིད། སློབ་མའི་སེམས་སུ་འཇགས་པ་བཅས་བྱེད་དགོས། ཇི་མ་ཇི་བཞིན་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་དང་། དོན་དངོས་དང་ཟུང་འབྲེལ་དང་གཙོ་གནད་ལ་དམིགས་པ། གཅིག་ཤེས་ཀུན་གྲོལ་དང་མཐའ་གསལ་མཐིལ་རྟོགས་ཀྱིས་སློབ་སྦྱོང་བྱེད་པ། དེ་བས་རང་རྟོགས་ངང་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་བརྟེན་ནས་དོན་དངོས་ཀྱི་གནད་དོན་ལ་མཛུབ་ཁྲིད་དང་ཐག་གཅོད་བྱེད་པ། རིག་གནས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་སྟངས་འཛིན་དང་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་དགོས།
སློབ་སྦྱོང་དང་། དྲིལ་བསྒྲགས། གསལ་འགྲེལ་བཅས་ཀྱི་ལས་དོན་རྒྱ་ཁྱབ་ཏུ་སྤེལ་བ་བརྒྱུད་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སྔར་བས་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དོན་འཁྱོལ་ཏན་ཏིག་བཅས་བྱེད་པར་ཁྲིད་སྟོན་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་བས་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་རང་རྟོགས་ངང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། གཞུང་འཁྱོངས་གསར་འབྱེད། དཀའ་སྤྱད་སྙིང་རུས། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འབད་འཐབ་ཧུར་ཐག་བྱེད་དགོས།