ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་གྱིས་དེང་རབས་ཅན་གྱི་གྲོང་གསེབ་ཀྱི་ཤེས་ལྡན་པ་གསོ་སྐྱོང་ཧུར་ཐག་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-06   རྩོམ་ཁུངས།    མི་དམངས་དྲ་བ།

ཞིང་པ་མི་གསར་གྱི་དཔུང་ཁག་སྟོབས་ཆེར་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་ནུས་པ་སྦྱིན་པ།

    ལག་ཐོགས་ཁ་པར་རེག་ཙམ་བྱས་ཚེ་དྲོད་ཚད་དང་བརླན་ཚད་མ་ལག་ཚོད་འཛིན་དང་། ནད་དང་གནོད་འབུའི་གནོད་འཚེ་རང་འགུལ་ངང་ལྟ་ཞིབ་ཚད་ལེན། ཆུ་ལུད་ཚད་རན་པར་ཁ་གསབ་བཅས་བྱེད་ཐུབ། དེ་ནི་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ལིན་ཕིང་ཆུས་ཁྲུང་ཞན་ཁྲོམ་གཞུང་ལུང་ཞོན་གྲོང་ཚོར་གྲངས་འཛིན་ཅན་གྱི་མྱུག་གསོ་བྱེད་པའི་རྣམ་པ་ཞིག་རེད།

    ལོ་46ལ་སླེབས་པའི་ཅིན་པིང་ཧྲེང་ནི་ལུང་ཞོན་གྲོང་ཚོའི་རིག་ལྡན་ཞིང་རའི་གཉེར་སྐྱོང་འགན་འཁུར་བ་ཞིག་རེད། ཞིང་པ་མི་གསར་ཞིག་ཡིན་པའི་ངོས་ནས་ཅིན་པིང་ཧྲེང་གིས་ཟོག་སྦྲེལ་དྲ་རྒྱའི་ཆུ་ལུད་གཞི་གཅིག་ཅན་གྱི་མ་ལག་དང་དྲོད་ཁང་ཁོར་ཡུག་གྲངས་འཛིན་ཅན་གྱི་དོ་དམ་མ་ལག་གསར་སྤེལ་གཙོ་ཁྲིད་བྱས་པ་རེད། “མི་སེར་ཚོས་རྟག་ཏུ་མྱུ་གུ་ཡག་པོ་སྐྱེས་ན་ལོ་ཏོག་ལ་གཞི་ནས་ཐོན་འབབ་ཡོང་སྲིད་ཅེས་ཤོད་ཀྱི་ཡོད། ད་ཆ་གྲངས་འཛིན་ཅན་གྱི་མྱུག་གསོའི་ལག་རྩལ་ལ་བརྟེན་པས་མྱུ་གུ་གྲལ་འགྲིག་ཚད་མཐོ་རུ་ཕྱིན་ཏེ་སྔོ་ཚལ་དང་ཤིང་ཏོག་གི་ཐོན་འབབ་མང་དུ་ཕྱིན་ཡོད” ཅིན་པིང་ཧྲེང་གིས་རྩིས་ཤིག་བརྒྱབ་ནས། སྲོལ་རྒྱུན་གྱི་འདེབས་འཛུགས་བྱེད་སྟངས་དང་བསྡུར་ན། གྲངས་འཛིན་ཅན་གྱི་ཞིང་ལས་གཡོག་བྱེད་ཀྱིས་གྲོང་ཚོར་མུའུ་རེ་ནས་ཆ་སྙོམས་འབབ་འཕར་སྒོར་400ཡོང་བ་དང་། ལོ་ལྟར་མི་ཐབས་ཀྱི་མ་གནས་སྒོར་ཁྲི་20གྲོན་ཆུང་ཐུབ་པ་དང་ཞིང་དུད་ལ་འབབ་འཕར་སྒོར་ཁྲི་4800ལྷག་ཙམ་ཡོང་བར་སྐུལ་ཁྲིད་ཐུབ་ཀྱི་ཡོད་པ་རེད།

    ཧང་ཀྲོའུ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་རོགས་སྐྱོར་འོག ཅིན་པིང་ཧྲེང་གིས་ཀྲེ་ཅང་ཞིང་ཆེན་གྱི་གྲངས་འཛིན་ཞིང་ལས་བཟོ་གྲྭ(རྟེན་གཞི)བསྐྲུན་པས་ཞིང་དུད་རྟེན་གཞིར་ལྟ་སྐོར་སློབ་སྦྱོང་བྱེད་པར་ཡོང་ཆོག་ལ། ས་གནས་ས་ཐོག་གི་མཛུབ་ཁྲིད་དང་ལག་རྩལ་གསོ་སྦྱོང་དང་ལེན་ཡང་བྱེད་ཆོག་གི་ཡོད། མིག་སྔར། རྟེན་གཞི་དེས་རིམ་རྩིས་བརྒྱབ་ན་སློབ་མ་མི་ཐེངས་2000ལྷག་ཙམ་གསོ་སྦྱོང་བྱས་པ་དང་སྔོ་ཚལ་མུའུ་ཁྲི་12ཁྱབ་འགྱེད་སྐུལ་ཁྲིད་ཐུབ་ནས་ཞིང་འབྲེལ་དང་ཞིང་པ་སྣེ་ཁྲིད་ནུས་ལྡན་ཐུབ་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཧང་ཀྲོའུ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་སྣེ་ཁྲིད་ཤེས་ལྡན་པ་དང་། ཐོན་ལས“སྣེ་ཁྲིད་པ”སྐྱེད་སྲིང་དང་ཞིང་ལས་གསར་གཏོད་པའི་དཔུང་ཁག་འཛུགས་སྐྱོང་ལ་དམིགས་ཏེ་དེང་རབས་ཀྱི་ཞིང་པ་མི་གསར་ཤེས་ལྡན་པའི་དཔུང་ཁག་ཧུར་ཐག་བཏོད་ཡོད་པ་རེད། ཉེ་བའི་ལོ་གསུམ་རིང་། ཐོན་ལས“སྣེ་ཁྲིད་པ”ཁོ་ནས་རིམ་རྩིས་བརྒྱབ་ན་གཞི་ཁྱོན་ཆུང་བའི་ཞིང་དུད་8044དང་ཞིང་པ་15228ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་པས། ཚན་རྩལ་ཤེས་པ་དང་གསར་གཏོད་ཐུབ་པའི་ཞིང་པ་མི་གསར་དེ་བས་མང་བ་ཧང་ཀྲོའུ་ཡི་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་གསར་པར་གྱུར་ཡོད་པ་རེད།

    ཉེ་ཆར། ཁྲུན་ཨན་རྫོང་ཝུན་ཁྲང་གྲོང་རྡལ་ཐན་ཐོའུ་གྲོང་ཚོའི་ཞིང་པ་མི་གསར་སུའུ་ཧུང་གིས་བྲེལ་འཚུབ་ངང་ཐོན་སྐྱེད་འཁོར་ཁང་ཁག་ཏུ་བསྐྱོད་དེ་བཟོ་པར་ཇ་བཟོའི་སྒྲིག་ཆས་བེད་སྤྱོད་བྱེད་སྟངས་དམར་ཁྲིད་བྱེད་ཅིང་། ཇ་བཟོའི་ལས་ཕྱོད་ཆེ་རུ་གཏོང་བ་དང་ཇ་ལོའི་སྤུས་ཚད་སྔར་བས་ལེགས་སུ་གཏོང་ཆེད། སུའུ་ཧུང་གིས་ཞིང་ལས་ཚན་རྩལ་གྱི་རིགས་གཅིག་མཁས་ཅན་ལ་བསྟེན་ནས་སྔོན་ཐོན་གྱི་ཉམས་མྱོང་སློབ་སྦྱོང་ཐེངས་མང་བྱས་པ་རེད། སུའུ་ཧུང་ཚོགས་པའི་སྐུལ་ཁྲིད་འོག ཇ་ནི་ཐན་ཐོའུ་གྲོང་ཚོ་དང་དེ་བཞིན་ཉེ་འགྲམ་ཤང་དང་གྲོང་རྡལ་གྱི་ཀ་རྟེན་ཐོན་ལས་སུ་གྱུར་པ་དང་2024ལོའི་དཔྱིད་དུས་སུ་རིམ་རྩིས་བརྒྱབ་ན་མཐའ་འཁོར་གྱི་གྲོང་མིར་འབབ་འཕར་སྒོར་ཁྲི་500ལྷག་ཙམ་བྱུང་ཡོད་པ་རེད།

    དེ་དང་ཆབས་ཅིག གྲོང་གསེབ་ཀྱི་གཉེར་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ་བརྒྱུད། ཧང་ཀྲོའུ་ཡིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། དྲ་ཐོག་ཚོང་དོན་ཐོན་ལས་ཀྱིས་ལས་གཏོད་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་མ་ལག་བཙུགས་ནས་གྲངས་འཛིན་ལག་རྩལ་གྱིས་ལས་ཞུགས་ལས་གཏོད་ལ་ནུས་པ་སྦྱིན་ཡོད་པ་རེད།

    དགོང་མོའི་ཆུ་ཚོད་8པར“ཞིང་གསུམ་ཁྱིམ་གཞིས”ཀྱི་ཐད་གཏོང་ཁང་ནས་དུས་ཐོག་ཏུ་ཐད་གཏོང་བྱས་པ་དང་། 90ནང་སྐྱེས་ཀྱི་ཕོ་གསར་ཁུང་ཧྭ་ཁྲའོ་ཡིས་བྱང་ཆུབ་པའི་སྒོ་ནས་ཕ་ཡུལ་གྱི་ཁྱད་ལྡན་ཐོན་རྫས་ངོ་སྤྲོད་བྱས།

    ཁུང་ཧྭ་ཁྲའོ་ནི་ཤའོ་ཧྲན་ཆུས་ལིན་ཕུའུ་གྲོང་རྡལ་ཀྲན་ཅ་ཏའེ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་རེད། 2020ལོར་ཁོང་གིས་རང་ཉིད་གནས་ཡུལ་གྱི་གྲོང་ཚོ་སྟོབས་ཆེར་གཏོང་བའི་ཀུང་སིར་བརྟེན་ནས་ཀྲན་ཅ་ཏའེ་སྡེ་ཁུལ་ལ་སྤུས་རྟགས་ཀྱི་ཇུས་འགོད་ཧྲིལ་པོ་དང་དྲ་ཐོག་གཉེར་ཚོང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ“དྲ་ཐོག་ཚོང་དོན+”ཀྱི་རྣམ་པ་གསར་པར་བརྟེན་ནས་ས་གནས་དེ་གའི་པད་ཚལ་དང་། ཅུ་ལི་སྔོན་པོ། ཁམ་བུ་སོགས་ཞིང་ལས་ཐོན་རྫས་དྲ་ཐོག་ནས་འཚོང་རྒྱུར་སྐུལ་འདེད་བཏང་བ་དང་2023ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་70འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་རེད། “འབྱུང་འགྱུར་ངས་གྲོང་ཚོའི་ནང་དྲ་ཐོག་ཚོང་དོན་སྐྱེད་སྲིང་ཐོན་ལས་གླིང་བཙུགས་ནས་གཞོན་ནུ་དེ་བས་མང་བ་ཕ་ཡུལ་དུ་ལོག་ནས་བྱ་གཞག་གཏོད་རྒྱུའི་ཡིད་དབང་འགུག་གི་ཡིན”ཞེས་ཁུང་ཧྭ་ཁྲའོ་ཡིས་བཤད།