རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-11   རྩོམ་ཁུངས།    极地科普
བཟའ་བཏུང་ལ་ཚོད་འཛིན་པ་དང་ཚ་ནུས་བསྡུ་ལེན་བྱེད་ཚད་ཇེ་ཉུང་དུ་བཏང་ན། ཚེ་ཐག་ཇེ་རིང་ལ་འགྲོ་བར་ཕན། འོ་ན་ཇི་ལྟར་ཚོད་འཛིན་བྱས་ན་ད་གཟོད་ཕན་འབྲས་དེ་བས་བཟང་ངམ་ཞེ་ན། 《རང་བྱུང》དུས་དེབ་ཏུ་བཀོད་པའི་ཨ་རིའི་ཞིབ་འཇུག་གསར་བ་ཞིག་ཏུ། ཉིན་རེ་ལ་ཟ་མ་ཟ་ཚད་ཇེ་ཉུང་དུ་གཏོང་བ་ནི་གཟའ་འཁོར་རེའི་ཉིན་གཅིག་ལ“བར་མཚམས་རང་བཞིན་གྱི་ཟས་བཅད”བྱས་པ་དང་བསྡུར་ན་ཕན་འབྲས་བཟང་བ་རེད།
ཞིབ་འཇུག་འདི་ནི་ཨ་རིའི་ཅེ་ཁོ་ཞུན་ཚོད་ལྟ་ཁང་དང་དགོ་དགུ་ཀུང་སིའི་མངའ་འོག་གི་རྒས་འགོག་ཀུང་སིའི་ཁ་ལི་ཁོ་ཚེ་སྲོག་ཚན་རིག་ཀུང་སི། པིང་ཞི་ཧྥ་ནི་ཡ་སློབ་ཆེན། ཧྭ་ཧྥུ་གསོ་རིག་སློབ་གླིང་བཅས་ཀྱི་ཚན་ཞིབ་མི་སྣས་མཉམ་འབྲེལ་སྒོས་བསྒྲུབས་པ་ཡིན་ལ། རུ་ཁག་འདིས་ཙི་གུ་མོ960སྤྱད་དེ། ཚ་ནུས་ཚོད་འཛིན་དང“བར་མཚམས་རང་བཞིན་གྱི་ཟས་བཅད”གཉིས་ཀྱིས་བདེ་ཐང་དང་ཚེ་ཐག་ལ་ཇི་ལྟར་ཤུགས་རྐྱེན་ཐེབས་པའི་ཐད་དངོས་དཔང་དབྱེ་ཞིབ་བྱས། ཚོད་ལྟར་སྤྱད་པའི་ཙི་གུ་ཡོངས་ཀྱི་གཞི་རྒྱུ་མི་འདྲ་ལ་ཡོང་སའི་རིགས་ཁྱུ་ཡང་མི་འདྲ་བ་ལས་མིའི་རིགས་ཀྱི་རྒྱུད་རྒྱུའི་སྣ་མང་རང་བཞིན་མཚོན་ཡོད། ཞིབ་འཇུག་ཁྲོད་དུ་ཚན་ཆུང་བགར་ཏེ། ཙི་གུ་ཁ་ཤས་ལ་ཉིན་རེའི་ཚ་ནུས་བསྡུ་ཚད་ཚོད་འཛིན་བྱེད་པ་དང་ཁ་ཤས་ལ“བར་མཚམས་རང་བཞིན་གྱི་ཟས་བཅད”རྩ་དོན་ལག་བསྟར་བྱེད་པ། ཡང་ཁ་ཤས་ལ་རང་དབང་སྒོས་ཟས་ཟ་རུ་འཇུག་པ་སོགས་བྱས། མཐའ་མའི་གཞི་གྲངས་ལས་མངོན་པ་ལྟར་ན། ཚ་ནུས་བསྡུ་ལེན་ལ་ཚོད་འཛིན་བྱེད་པ་དང“བར་མཚམས་རང་བཞིན་གྱི་ཟས་བཅད”གཉིས་ཀས་ཚེ་ཐག་སྲིང་ཐུབ། བཟའ་བཏུང་ལ་ཚོད་འཛིན་མ་ཐེབས་པའི་ཙི་གུའི་ཆ་སྙོམས་ཚེ་ཐག་ནི་ཟླ་བ25ཡིན་ཞིང་། “བར་མཚམས་རང་བཞིན་གྱི་ཟས་བཅད”བྱས་པའི་ཙི་གུའི་ཆ་སྙོམས་ཚེ་ཐག་ནི་ཟླ་བ28ཡིན་པ་དང་། ཚ་ནུས་ཟ་ཚད་རྨང་གཞིའི་ཆུ་ཚད80%ཡིན་པའི་ཙི་གུའི་ཆ་སྙོམས་ཚེ་ཐག་ནི་ཟླ་བ30དང་ཚ་ནུས་ཟ་ཚད་ཀྱི་རྨང་གཞིའི་ཆུ་ཚད60%ཡིན་པའི་ཙི་གུ་ཆ་སྙོམས་ཟླ་བ34ལ་གསོན་ཐུབ་པ་རེད།
ཞིབ་འཇུག་མི་སྣ་ལྟར་ན། དཔྱད་འབྲས་འདི་ལས་མངོན་པ་ནི་མ་གཞིའི་ཕུང་ཚིལ་དང་རྒུན་འབྲུམ་ཧགས་ཀྱི་ཆུ་ཚད་ཇི་འདྲ་ཡིན་ཡང་། ཚ་ནུས་བསྡུ་ལེན་བྱེད་ཚད་ཉུང་དུ་བཏང་བ་ཡིས་ཚེ་ཐག་ལ་ཐེབས་པའི་ཤུགས་རྐྱེན་ནི“བར་མཚམས་རང་བཞིན་གྱི་ཟས་བཅད”ལས་ཆེ་བ་རེད། འོན་ཏེ། ཞིབ་འཇུག་འདིའི་སྣེ་ཁྲིད་པ་དང་ཅེ་ཁོ་ཞུན་ཚོད་ལྟ་ཁང་གི་ཅ་ལི་ཆིའུ་ཅི་ཨར་གྱིས་ནན་བཤད་བྱ་རྒྱུར། ཚ་ནུས་ཚོད་འཛིན་དེ་ཚེ་ཐག་རིང་བ་ལ་ཕན་ཐོགས་ཡོད་ཀྱང་། གཞི་གྲངས་ལས་མངོན་པ་ལྟར་ན་ཚ་ནུས་ཚོད་འཛིན་བྱ་རྒྱུ་ཚད་ལས་བརྒལ་ན་མ་གཞིའི་རྒྱུན་ལྡན་གྱི་ལུས་པོའི་ལྗིད་ཚད་མར་ཆག་འགྲོ་བས། བདེ་ཐང་ལ་གནོད་པ་ཐེབས་ངེས། དེ་བས། ཉིན་རྒྱུན་གྱི་བཟའ་བཏུང་ཁྲོད་ཚ་ནུས་ཉུང་དུ་གཏོང་བ་དང་མཉམ་དུ་བདེ་ཐང་གི་ལུས་པོའི་ལྗིད་ཚད་རྒྱུན་འཁྱོངས་བྱས་ན། ཚེ་ཐག་སྲིང་བ་ལ་ཕན་ཐོགས་པ་རེད།