རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-12   རྩོམ་ཁུངས།    中央广播电视总台藏语
ཉེ་ཆར། རྒྱལ་ཁབ་ཞིང་ལས་དང་གྲོང་གསེབ་པུས་2024ལོའི་ཞིང་ལས་ཀྱི་གྲགས་ཅན་ཚོང་རྟགས་གསོ་སྐྱོང་འཆར་གཞིའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཡོངས་སུ་ཞིང་ལས་ཀྱི་གྲགས་ཅན་ཚོང་རྟགས་82སྤྱི་ལོ་2024ལོའི་ཞིང་ལས་ཀྱི་གྲགས་ཅན་ཚོང་རྟགས་གསོ་སྐྱོང་འཆར་གཞིའི་ནང་ཚུད་པ་དང་། “ཡུལ་ཤུལ་གྱི་འབྲི་གཡག”དེ་ཉིད་དམིགས་བསལ་གྱི་བཟང་ཆར་བརྟེན་ནས་ཚོང་རྟགས་མང་པོའི་ཁྲོད་ནས་འབུར་དུ་ཐོན་ཏེ། མིང་ཐོའི་དེའི་ནང་ཚུད་པའི་མཚོ་སྔོན་ཞིང་ཆེན་གྱི་ཚོང་རྟགས་ཉག་གཅིག་དེར་གྱུར་ཡོད།
ས་བབ་མཐོ་བ་དང་། ཆུ་ཁུངས་གཙང་བ། རྩྭ་ཐང་རྒྱ་ཆེ་བ་བཅས་ཀྱིས་ཡུལ་ཤུལ་གྱི་འབྲི་གཡག་སྐྱེ་འཕེལ་ལ་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད། ཡུལ་ཤུལ་འབྲི་གཡག་གི་ཤ་ལ་བྲོ་བ་ཆེ་ཞིང་།བཅུད་ཆེ་ལ། ལྗང་མདོག་སྦགས་མེད་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འབྲི་གཡག་ཐོན་ལས་ཁུལ་གཙོ་བོ་ཡིན་པའི་ངོས་ནས། ཉེ་བའི་ལོ་ཤས་རིང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་མཁོ་སྤྲོད་ཁུལ་གཙོ་བོ་གཏོད་རྒྱུ་དམིགས་འབེན་དུ་བྱས་པ་དང་། འབྱུང་ཁམས་ཞིང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ལྟེ་བར་བྱས་ཏེ། འབྲི་གཡག་ཐོན་ལས་གཞི་ཁྱོན་ཅན་དང་། ཚད་གཞི་ཅན། ཚོང་རྟགས་ཅན་བཅས་སུ་འགྱུར་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། “ཀྲུང་གོའི་འབྲི་གཡག་གི་སྤུས་ཀ་མཚོ་སྔོན་ནས་ལྟ་བ་དང་། མཚོ་སྔོན་འབྲི་གཡག་གི་སྤུས་ཀ་ཡུལ་ཤུལ་ནས་ལྟ་བའི”ཚོང་རྟགས་ཀྱི་ཤུགས་རྐྱེན་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ། ཞིང་ཆེན་དེ་ཡོངས་ཀྱི་ཚགས་ཤ་ཐོན་སྐྱེད་རྟེན་གཞི་གལ་ཆེན་དང་། ལས་སྣོན་ཞིབ་ཚགས་རྟེན་གཞི། འབྲི་གཡག་གསོ་ཚགས་དང་སྲུང་སྐྱོང་འཕེལ་རྒྱས་ཁུལ་བཅས་ནུས་ཤུགས་ཡོད་རྒུས་གཏོད་བཞིན་ཡོད་པ་རེད། མིག་སྔའི་བར“ཡུལ་ཤུལ་གྱི་འབྲི་གཡག”ལ་རྒྱལ་ཁབ་ཀྱི་ཞིང་ཞོར་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོ་འགོད་ལག་ཁྱེར་ཐོབ་པ་དང་། ཀྲུང་གོའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཀྱི་བཟང་ལྡན་ཁུལ་དང་། ཀྲུང་གོའི་ཞིང་ཞོར་ཐོན་རྫས་རྩེ་གྲ་བརྒྱའི་མཚོན་རྟགས་རང་བཞིན་གྱི་ཚོང་རྟགས། སྐབས་དང་པོའི་གྲོང་གསེབ་དར་རྒྱས་ཚོང་རྟགས་དུས་ཆེན་གྱི་ཐོན་ལས་དར་རྒྱས་ཀྱི་དཔེ་མཚོན་ཆེ་གྲས་10བཅས་སུ་ཚུད་པ་དང་། རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་སྤེལ་ཐོན་ཁུངས་སྲུང་སྐྱོང་གི་མིང་གཞུང་དང་། མཚོ་སྔོན་གྱི་ཞིང་ཞོར་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་གྲས་སུ་ཚུད་ཡོད་པ་རེད། ད་ཐེངས་བདམས་ཐོན་བྱུང་བ་དེས“ཡུལ་ཤུལ་འབྲི་གཡག”གི་ཞིང་ཞོར་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་འཕེལ་རྒྱས་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་དང་། ཡུལ་ཤུལ་འབྲི་གཡག་ཧ་གོ་མཁན་སྔར་བས་མང་དུ་ཕྱིན་པ་དང་། ཁྲོམ་རའི་ཐོབ་སྐལ་མང་དུ་ཕྱིན་ནས། ས་གནས་དེ་གའི་འབྲོག་པར་དཔལ་འབྱོར་གྱི་ཕན་འབྲས་དེ་བས་མང་བ་ཐོབ་རྒྱུ་དང་། ཡུལ་ཤུལ་ཁུལ་གྱི་ཞིང་འབྲོག་ལས་ཐོན་ལས་རིམ་སྤོར་དང་གྲོང་གསེབ་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་ཡིན་པ་རེད། །