ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་གཙོ་བོའི་འགན་འཁུར་བ་དང་མཇལ་འཛོམས་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-12   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་10ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར“1+10”ཡི་གླེང་མོལ་ཚོགས་འདུར་ཞུགས་མཁན་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་གཙོ་བོའི་འགན་འཁུར་བ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་གཙོ་བོའི་འགན་འཁུར་བ་དང་ལྷན་ཞུགས་དྲན་རྟེན་སྐུ་པར་བསྐྱོན་ནས་ཁོང་ཚོས་ཀྲུང་གོའི་དེང་རབས་ཅན་གྱི་བྱ་གཞག་ལ་ཡུན་རིང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་འཛམ་གླིང་འདི་ཉིད་ཡོ་ལང་ཆེ་བའི་འཕོ་འགྱུར་གྱི་དུས་མཚམས་གསར་པར་སླེབས་ནས་སླར་ཡང་འགག་རྩའི་ལམ་མདོ་ཁར་སླེབས་ཡོད། མིའི་རིགས་ནི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཡིན་ཞིང་། རྒྱལ་ཁབ་ཁག་ནི་གྲུ་ཆུང་190ལྷག་ཙམ་ཐོག་སྡོད་པ་ཞིག་མིན་པར་ལས་དབང་གཅིག་མཐུན་གྱི་གྲུ་གཟིངས་ཆེན་པོའི་ཐོག་སྡོད་པ་ཞིག་ཡིན་པས། ཕར་ཕྱོགས་ཀྱི་འཕེལ་རྒྱས་དེ་གོ་སྐབས་སུ་བརྩི་བ་ལས་འགྲན་སློང་ལ་མི་བརྩི་བ་དང་། ཕར་ཕྱོགས་དེ་རོགས་ཟླར་བརྩི་བ་ལས་འགྲན་ཡར་མི་བརྩི་བར“གོ་ལ་མཉམ་རོགས”དང་། མཐུན་སྒྲིལ་རོགས་རེས། གཉིས་ཁེ་གཉིས་ཕན་བཅས་དུས་རབས་ཀྱི་བརྗོད་དོན་གཙོ་བོར་འགྱུར་བ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་གཙོ་བོ་དང་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ནས་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་པ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་གཞུང་དྲང་གི་འཛམ་གླིང་ཞིག་སྐྲུན་འདོད་ཡོད།

    གསར་སྤེལ་དངུལ་ཁང་གསར་པའི་ཧང་ཀྲང་ལུའོ་སའེ་ཧྥུའུ་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་ཀེ་ཨོར་ཅི་ཡེ་ཝ། འཛམ་གླིང་དངུལ་ཁང་གི་ཧང་ཀྲང་ཕེང་ཨན་ཅེ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་དབྱི་ཝུའེ་ལཱ་བཅས་ཀྱིས་ཕྱི་ཕྱོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་བ་རེད། ཁོང་ཚོས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཡོད་པའི་ངོས་འཛིན་བྱས་པ་མ་ཟད། ཀྲུང་གོས་དུས་ཡུན་རིང་པོའི་ནང་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པ་དང་། ལྷག་པར་དུ། དབུལ་པོ་ཉུང་གཏོང་ཁྱབ་ཁོངས་སུ་མིའི་རིགས་ཀྱི་ངོ་མཚར་བཏོད་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མའི་ཐད་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལ་སླེབས་ཡོད། དེ་ཐོག་ནས་ཀྲུང་གོ་སྲིད་གཞུང་གིས་འཛིན་པའི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ནི་གྲུབ་འབྲས་ཐོབ་པ་ཞིག་ཡིན་ལ། ལག་ལེན་དུ་འཁྱོལ་ཐུབ་པ་ཞིག་ཀྱང་ཡིན་པ་ར་འཕྲོད་གང་ལེགས་ཐུབ་ནས་འཛམ་གླིང་ལ་བློ་སྒོ་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་དང་ཀ་ཕུར་བརྟན་པོ་ཞིག་དང་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་མཁན་བརྟན་པོ་ཞིག་ཡིན། ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་རྒྱུན་མཐུད་བྱེད་པ་དང་། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་བཅས་བྱས་ནས་འཛམ་གླིང་དང་། ལྷག་པར་དུ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་གོ་སྐབས་ཧ་ཅང་ཆེན་པོ་མཁོ་འདོན་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་བཏོན་གནང་བ་དེ་ཐོག་ནས་ཀྲུང་གོ་འདི་ཉིད་འགན་འཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་གང་ལེགས་མངོན་ཞིང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་མྱུར་འཁོར་ལ་བརྟེན་ནས་རང་ངོས་འཕེལ་རྒྱས་ཡོང་བར་ལས་སྟེགས་གལ་ཆེན་མཁོ་འདོན་བྱས་ཡོད། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་གནས་བབ་ལ་དཀའ་ངལ་དང་འགྲན་སློང་མང་པོ་འཕྲད་ཡོད་པ་དང་། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱི་འུར་སྒྲ་ཆེན་པོ་སྒྲོག་བཞིན་ཡོད། འཛམ་གླིང་རྒྱལ་ཁབ་ཁག་གིས་ཀྲུང་གོར་ཕྱོགས་ནས་ཀྲུང་གོས་འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་གྱི་ནུས་པ་མུ་མཐུད་འདོན་སྤེལ་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་གཙོ་བོས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་དང་། ཕྱོགས་མང་རིང་ལུགས་མཐའ་འཁྱོངས། རང་མོས་ཚོང་དོན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྲུང་སྐྱོང་བཅས་བྱས་ཏེ་འཛམ་གླིང་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་ཕུལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་གྱི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད་ཅེས་བརྗོད།

    ཞི་ཅིན་ཕིང་གིས་ཕྱི་ཕྱོགས་འཐུས་མིའི་གཏམ་བཤད་ནན་ཏན་ངང་གསན་ནས་འཛམ་གླིང་གི་དཔལ་འབྱོར་དང་། ཀྲུང་གོའི་དཔལ་འབྱོར། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་སོགས་ཕར་ཕྱོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཐད་ལན་བསྐྱོན་པ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེར་འགྲོ་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པར་སྐུལ་འདེད་ཇི་ལྟར་གཏོང་བ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཕྲད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད། རྒྱལ་ཁབ་ཁག་གི་དཔལ་འབྱོར་ལ་རང་རང་སོ་སོའི་དཀའ་ངལ་ཡོད་པས། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་མ་ལག་མཉམ་ལས་བྱས་ནས་སྐྲུན་པ་དང་། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱེད་པ། གྲངས་འཛིན་དཔལ་འབྱོར་དང་། མི་ཐབས་རིག་ནུས། ཐཱན་ཉུང་ལག་རྩལ་སོགས་ཀྱི་གོ་སྐབས་གལ་ཆེན་ཁོང་དུ་ཡག་པོ་ཆུད་པར་བྱེད་པ། དཔལ་འབྱོར་འཕར་བའི་སྒུལ་ཤུགས་གསར་པ་གཏོད་པ། ཤེས་བྱ་དང་། ལག་རྩལ། ཤེས་ལྡན་པ་བཅས་རྒྱལ་སྒྲོལ་འཁོར་སྐྱོད་བྱེད་པར་རྒྱབ་སྐྱོར་བཅས་བྱེད་དགོས། “ཁང་ཆུང་གྱང་མཐོ”དང“འབྲེལ་བ་གཙང་གཅོད”བྱས་ན་རང་གཞན་གཉིས་ཀར་ཕན་པ་མེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཡག་པོ་བྱུང་ཚེ་གཞི་ནས་འཛམ་གླིང་ཡག་པོ་ཡོང་ཐུབ་པ་དང་། འཛམ་གླིང་ཡག་པོ་བྱུང་ཚེ་ཀྲུང་གོ་དེ་བས་ཡག་པ་ཡོང་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་ཁབ་ཁག་གིས་དཔལ་འབྱོར་ཐད་ཕན་ཚུན་བརྟེན་རེས་བྱེད་པ་དེ་དགེ་ལེན་སྐྱོན་སེལ་དང་གཉིས་ཁེ་གཉིས་ཕན་གྱི་བྱ་བཟང་ལ་བརྩི་དགོས་པ་ལས་ཉེན་ཁར་བརྩི་མི་རུང་།

    ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་གནས་ཚུལ་དང་། ལྷག་པར་དུ། ཀྲུང་གོས་ཉེ་དུས་བཏོན་པའི་བྱ་ཐབས་གལ་ཆེན་རབ་དང་རིམ་པ་ངོ་སྤྲོད་གནང་ཞིང་། ཁོང་གིས། ལོ་40ལྷག་ཙམ་གྱི་འཕེལ་རྒྱས་མགྱོགས་མྱུར་རྒྱུན་མཐུད་ཕྱིན་པ་བརྒྱུད་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་30%ཙམ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོ་ཕྱོགས་ལ་ད་ལོའི་དཔལ་འབྱོར་འཕར་བའི་དམིགས་ཚད་མངོན་འགྱུར་ཐུབ་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེ་ཤོས་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་ཐུབ་པའི་གདེང་ཚོད་ཆེན་པོ་ཡོད། ཀྲུང་གོའི་འཕེལ་རྒྱས་ནི་སྒོ་དབྱེ་བསྟུན་མཁས་ཡིན་པས། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་རྒྱུན་མཐུད་གཏོང་བ་དང་། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་པ། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་གཏོད་པ་བཅས་བྱས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་དེ་བས་མང་བ་མཁོ་འདོན་བྱེད་པ་དང་འཕེལ་རྒྱས་ཀྱི་ཁེ་སྤོགས་དེ་བས་མང་བ་མཉམ་སྤྱོད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་10སོང་རིང་ཐོབ་པའི་དགེ་མཚན་ལྡན་པའི་འཕེལ་རིམ་ངོ་སྤྲོད་གནང་ཞིང་། ཁོང་གིས་ཀྲུང་གོ་ནི་ལག་ལེན་པ་དང་བྱ་སྤྱོད་པ་ཡིན་པས“གཟེར་འདེབས་སྙིང་སྟོབས”ལ་བརྟེན་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཀྲུང་གོ་དང་འཛམ་གླིང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་སྦྲེལ་ཟམ་སྐྲུན་དགོས། རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་ཁག་མུ་མཐུད“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་ཞི་བདེ་འཕེལ་རྒྱས་དང་། གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་མངོན་འགྱུར་ལ་སྐུལ་འདེད་གཏོང་བར་དགའ་བསུ་ཞུ་གི་ཡིན་ཞེས་ནན་བཤད་གནང་བ་རེད།

    གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་སྐོར་ལ་ཞི་ཅིན་ཕིང་གིས། འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བར་ནུས་ལྡན་དང་རྗེས་ཐོན་པའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་དང་ཁ་འབྲལ་ཐབས་མེད། རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་ཀྱིས་དུས་བསྟུན་འཕེལ་རྒྱས་བྱས་ནས་དུས་རབས་ཀྱི་འབོད་སྒྲ་དང་འཛམ་གླིང་མི་དམངས་ཀྱི་རེ་སྒུག་ལ་ཨ་ལན་སློག་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་སྒྱུར་བཅོས་ནང་ཧུར་ཐག་ཞུགས་པ་དང་སྐུལ་འདེད་གཏོང་བ། དེ་བས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་འཛུགས་པ། འཛམ་གླིང་དཔལ་འབྱོར་གྱི་གནས་བབ་འཕེལ་རྒྱས་དང་འགྱུར་ལྡོག་འགྲོ་ལུགས་མཚོན་པ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཕྱོགས་ཚང་མར་དེའི་ཐད་ཐུན་མོང་གི་ངོས་འཛིན་ཁག་གཅིག་བྱུང་བ་དང་འགག་རྩ་ནི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ཐད་སྒྱུར་བཅོས་ཇི་ལྟར་བྱས་རུང་། ཚང་མས་ངེས་པར་དུ་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་དང་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཁག་གི་དབང་ཆ་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

    ཞི་ཅིན་ཕིང་གིས་ད་དུང་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཐོག་མཐའ་བར་གསུམ་དུ་འཛིན་པའི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གནང་ཞིང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་སྲིད་གཞུང་དང་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་དང་། མཉམ་ལས་རྒྱ་སྐྱེད། མི་མཐུན་པའི་ཆ་དོ་དམ་ཚོད་འཛིན་བཅས་བྱས་ནས་ཀྲུང་ཨའི་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་མཐུན་མདུན་སྐྱོད་བྱ་རྒྱུའི་རེ་བ་ཡོད། སྒོ་ཁྲལ་གྱི་དམག་འཐབ་དང་། ཚོང་དོན་དམག་འཐབ། ཚན་རྩལ་དམག་འཐབ་བཅས་ནི་ལོ་རྒྱུས་ཀྱི་རླབས་རྒྱུན་དང་དཔལ་འབྱོར་གྱི་ཆོས་ཉིད་དང་རྒྱབ་འགལ་ཡིན་པས་རྒྱལ་ཁ་ཐོབ་མཁན་ཡོང་མི་སྲིད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྟོབས་ཤུགས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས་རང་ཉིད་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་ཀྲུང་གོ་ཕྱོགས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཆོད་སེམས་ལ་འགྱུར་ལྡོག་གཏོང་མི་སྲིད་ཅེས་ནན་བཤད་གནང་བ་རེད།

ཝང་དབྱི་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།