རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-18   རྩོམ་ཁུངས།    中央广播电视总台藏语
ཁྱེད་རང་དྲུག་ཅུ་དབུ་དཀར་གྱི་ལོ་ཚོད་ལ་མ་སླེབས་ཀྱང་། གློ་བུར་དུ་ཁྱེད་ཀྱི་མགོ་ཐོག་ཏུ་སྐྲ་དཀར་གྱི་འདབ་མ་སྐྱེས་ཤིང་། དེ་ཡང་མིག་ཡུག་ཙམ་ལ་ཇེ་མང་ནས་ཇེ་མང་དུ་སོང་བ་ནི་རྒྱུ་མཚན་གཞན་ཡོད་པ་ཕུད། ཕལ་ཆེར་འཚོ་བཅུད་མ་འདང་བས་ཡིན་གྱི་རེད།
ཁྱེད་ལ་གནག་ཅིང་སྣུམ་པའི་འཇམ་མཉེན་སྐྲ་ལོ་ཞིག་དགོས་ན། ངེས་པར་དུ་སྐྲ་རྐང་རེ་རེའི་ནང་མདོག་རྒྱུ་ནག་པོ་ཡང་དག་འདུས་གྲུབ་ཐུབ་པ་བྱེད་དགོས། མདོག་རྒྱུ་ནག་པོ་ནི་མདོག་རྒྱུ་ནག་པོའི་ཕྲ་ཕུང་ལས་བྱུང་བ་ཡིན་པས། དེས་ནུས་ཤུགས་ཡོད་རྒུས་རང་འཁྲིའི་ལས་འགན་བསྒྲུབ་དགོས་ན་ངེས་པར་དུ་ཁོ་ལ་དགོས་པའི་འཚོ་བཅུད་འདང་ངེས་ཤིག་མཁོ་སྤྲོད་བྱ་དགོས། གལ་ཏེ་རྒྱུ་རྐྱེན་གང་རུང་དབང་གིས་འཚོ་བཅུད་མི་འདང་བའམ་ཡང་ན་འཚོ་བཅུད་མུ་མཐུད་སྐྲ་ལོར་སྐྱེལ་མ་ཐུབ་ན་སྐྲ་རིམ་བཞིན་དཀར་པོར་འགྱུར་སྲིད། སྤྱིར་བཏང་བྱས་ན་སྐྲ་དཀར་པོར་གྱུར་བ་གཤམ་གྱི་འཚོ་བཅུད་ཁག་གསུམ་པོ་མ་འདང་བ་དང་འབྲེལ་བ་ཡོད།
1 སྤྲི་དཀར་རྫས།
སྤྲི་དཀར་རྫས་ནི་སྐྲ་བྱུང་བའི་རྒྱུ་ཆ་གལ་ཆེན་ཞིག་ཡིན་ལ། སྐྲ་ལོ་གྲུབ་པའི་གཞི་རྩའི་སྡེ་ཚན་ཏེ་རྭ་ལྡན་སྤྲི་དཀར་ཞེས་པ་དེ་ཡིན། དེ་ནི་སྤྲི་དཀར་རྫས་ལ་བརྟེན་ནས་གྲུབ་པ་ཞིག་ཡིན། འདི་ལྟར་བཤད་ཆོག་སྟེ། ཁྱེད་ཀྱི་མགོ་སྐྱེས་འཇམ་མཉེན་སྐྲ་ལོ་དག་ནི་སྤྲི་དཀར་རྫས་ལ་བརྟེན་ནས་སྐྱེས་པ་ཞིག་ཡིན། གལ་སྲིད་ཡུན་རིང་སྤྲི་དཀར་རྫས་བསྡུ་ལེན་མ་ཐུབ་ན་གློ་བུར་དུ་སྐྲ་དཀར་པོར་འགྱུར་སྲིད་ལ། དེ་བས་སྐྲ་རྩུབ་པོ་དང་སེར་པོར་འགྱུར་བ་སོགས་སྐྲའི་སྤུས་ཀ་ཇེ་ཞན་དུ་འགྲོ་ངེས།
གལ་ཏེ་གཞི་རྩའི་གནད་དོན་འདི་དག་ཐག་གཅོད་མ་བྱས་ན། མགོ་ལ་རིན་གོང་ཆེ་བའི་སྐྲ་སྲུང་བྱུགས་རྫས་འདྲ་མིན་སྣ་ཚོགས་བྱུགས་ཀྱང་སྐྲ་ཇེ་ཡག་ཏུ་འགྲོ་རྒྱུ་ལྟ་ཅི། སྐྲ་ལ་ཕོག་ཐུག་ཐེབས་ནས་སྐྲ་ཇེ་ངན་ནས་ཇེ་ངན་དུ་འགྲོ་སྲིད།
2 ཟངས་དང་། ཏི་ཚ། སེ་སོགས་ཚད་ཉུང་གཞི་རྒྱུ།
གལ་ཏེ་གོང་དུ་བཤད་པའི་སྤྲི་དཀར་རྫས་ནི་སྐྲ་བྱུང་བའི་རྒྱུ་ཆ་ཡིན་ན། ཟངས་དང་ལྕགས་ལ་སོགས་པ་ཚད་ཉུང་གཞི་རྒྱུ་ནི་མདོག་རྒྱུ་ནག་པོ་སྐྱེད་བསྲིང་བྱེད་མཁན་ཡིན། གལ་ཏེ་ལྕགས་རིགས་ཀྱི་ཚད་ཉུང་གཞི་རྒྱུ་དེ་དག་མཁོ་སྤྲོད་འདང་ངེས་མ་ཐུབ་པ་ཡིན་ན། མདོག་རྒྱུ་ནག་པོའི་འདུས་གྲུབ་ལ་ཤུགས་རྐྱེན་ཐེབས་ནས་ཁྱེད་ཀྱི་མགོ་སྐྱེས་སྐྲ་ལོ་དཀར་པོར་འགྱུར་སྲིད།
3 འཚོ་བཅུད་Bརིགས།
འཚོ་བཅུད་Bརིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་དང་འདྲ་སྟེ། དེའི་ནང་འཚོ་བཅུད་B1དང་B2 B3 B5 B6 B12སོགས་ཚུད་ཡོད་པས་མི་ཡི་ལུས་ཁམས་ལ་ནུས་པ་གལ་ཆེན་ཐོན་གྱི་ཡོད། འཚོ་བཅུད་Bརིགས་ཀྱིས་ང་ཚོ་མིའི་ལུས་ཁམས་ཀྱི་སྙིང་ཚབ་གསར་བརྗེས་ཀྱི་ལས་འགུལ་ནང་ཞུགས་པ་མ་ཟད། མགོ་སྐྲ་དང་རྐང་ལག་གི་སེན་མོ་སོགས་ཀྱི་སྐྱེ་འཚར་ལ་རོགས་རམ་ཆེན་པོ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་མདོག་རྒྱུ་ནག་པོའི་ཕྲ་ཕུང་གི་རྒྱུན་ལྡན་གྱི་འགུལ་སྐྱོད་ལ་ཡང་འགན་སྲུང་བྱེད་ཀྱི་ཡོད། གལ་ཏེ་རྒྱུ་རྐྱེན་མང་པོའི་དབང་གིས་འཚོ་བཅུད་Bརིགས་དཀོན་པོ་ཆགས་ན། སྐྲ་ལྷུང་བ་དང་སྐྲ་དཀར་པོར་གྱུར་བ། སྐྲ་རྩུབ་ཅིང་སྐམ་པོར་གྱུར་བ་སོགས་ཀྱི་གནད་དོན་འབྱུང་སྲིད།
ཨ་ཅང་ཅང་། ཁྱེད་རང་དྲུག་ཅུ་དབུ་དཀར་གྱི་ལོ་ཚོད་ལ་མ་སླེབས་ཀྱང་། གོང་དུ་གླེང་བའི་འཚོ་བཅུད་ཁག་གསུམ་པོ་དེ་དག་མ་འདང་བའི་རྒྱུ་རྐྱེན་ཕུད། ད་དུང་བསམ་བློའི་གནོན་ཤུགས་དང་། རིགས་རྒྱུད། གཟུགས་པོའི་ནད་གཞི་སོགས་ཀྱི་རྐྱེན་པས་ཀྱང་མགོ་སྐྲ་དཀར་པོར་འགྱུར་སྲིད་པ་ཡང་ཡོད་དོ། །