ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་ནན་བཤད་གནང་དོན།“ཁུལ་གསུམ་དང་ལྟེ་གནས་གཅིག”འཛུགས་སྐྲུན་གྱི་འཐབ་ཇུས་ངེས་གནས་ལ་དམ་པོར་དམིགས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧའེ་ནན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-19   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

ཚའེ་ཆི་སྙན་སེང་ཚོགས་འདུར་ཞུགས་པ།

    ཟླ་12ཚེས་17ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧའེ་ནན་གྱི་སན་ཡཱ་རུ་ཧའེ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ནས་གསུང་བཤད་གལ་ཆེན་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་སན་ཡཱ་ནས་ཟླ་12ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་བསྐྲུན་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བྱེད་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ཚོད་ལྟ་ཁུལ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་ཚོད་ལྟ་ཁུལ། རྒྱལ་སྤྱིའི་ཡུལ་སྐོར་འཛད་སྤྱོད་ལྟེ་གནས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་ཞབས་ཞུ་འགན་ལེན་ཁུལ་བཅས་འཛུགས་སྐྲུན་བྱ་རྒྱུའི་འཐབ་ཇུས་ངེས་གནས་ལ་དམ་པོར་དམིགས་ནས་འགག་སྒོ་བཀག་སྡོམ་བྱས་དང་མ་བྱས་གོང་གི་སྒྱུར་བཅོས་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་པ། མུ་མཐུད་བསམ་བློར་བཅིངས་འགྲོལ་དང་གསར་འབྱེད་གསར་གཏོད་བྱེད་པ། འགག་སྒྲོལ་དཀའ་སེལ་དང་བརྟན་པོའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་དེ་ཉིད་རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་དབྱེར་སྣེ་ཁྲིད་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ཏུ་ཧུར་བརྩོན་ཆེན་པོས་བཏོད་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧའེ་ནན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།

    ཟླ་12ཚེས་17ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཆེན་གྱི་སན་ཡཱ་གྲོང་ཁྱེར་དུ་ཧའེ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་། ཞིང་ཨུད་ཀྱི་ཧྲུའུ་ཅི་ཧྥེང་ཧྥེས་སྙན་སེང་ཞུས་པ། ཧྲེང་ཀྲང་ལིའུ་ཞའོ་མིང་སོགས་སྙན་སེང་ཚོགས་འདུར་ཞུགས་པ་རེད། སྙན་སེང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། ཧའེ་ནན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་གོམ་སྟབས་རྗེས་མའི་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། ཧའེ་ནན་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ནུས་ཤུགས་ཡོད་རྒུས་འཛུགས་དགོས་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཉིས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་སྤེལ་བཏང་ནས་ཡུལ་སྐོར་ལས་རིགས་དང་། དེང་རབས་ཞབས་ཞུའི་ལས་རིགས། མཐོ་གསར་ལག་རྩལ་ཐོན་ལས། ཚ་ཁུལ་གྱི་ཁྱད་ཆོས་ལྡན་ཞིང་ཕན་འབྲས་ཆེ་བའི་ཞིང་ལས་སོགས་གཙོ་ཁྲིད་ཐོན་ལས་ཀྱི་འབྲེལ་ཐག་གསབ་མཐུད་དང་། སྣུར་སྲིང་། ལེགས་སྒྱུར། རིམ་སྤོར་བཅས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ་དང་། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སྒོ་མོ་སྔར་ལས་འབྱེད་པའི་ཤེས་ལྡན་པ་ནང་འདྲེན་ལམ་སྲོལ་འཛུགས་པ། རིམ་པ་མང་བའི་ཚན་རྩལ་གསར་གཏོད་མ་ལག་གཏོད་པ། ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་གཏོང་དགོས། སྐྱེ་ཁམས་སྔོན་སྤེལ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་པོས་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རི་སྔོ་ཆུ་དྭངས་དང་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། རིག་གནས་དང་། ལུས་རྩལ། ཡུལ་སྐོར། ལུས་གསོ་སོགས་ཀྱི་ཐོན་ལས་མཉམ་འདྲེས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཡུལ་སྐོར་ལས་རིགས་ཀྱི་སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། འཛད་སྤྱོད་དཔེ་གསར་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ་དང་འཛད་སྤྱོད་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། སྐམ་མཚོ་སྤྱི་འདོམས་དང་། རི་མཚོ་མཉམ་འགུལ། ཐོན་ཁུངས་རྒྱུན་འཁོར་བཅས་ཡོང་བ་མཐའ་འཁྱོངས་ཀྱིས་རྒྱ་མཚོ་གསར་སྤེལ་ལ་དམ་འཛིན་ཡག་པོ་བྱས་ཏེ། རྒྱ་མཚོ་ནས་ཐོན་སྐྱེད་ནུས་ཤུགས་ལེན་པ་དང་འཕར་གཞི་གསར་པ་ཡོང་བར་བྱས་ནས་རྒྱ་མཚོའི་ཞིང་ཆེན་སྟོབས་ཆེན་འཛུགས་སྐྲུན་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁྱབ་ཁོངས་གཙོ་བོའི་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། རང་མོས་ཚོང་དོན་གྲུ་ཁའི་སྲིད་ཇུས་དང་ལམ་ལུགས་ཀྱི་མ་ལག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་དམིགས་ཏེ་སྒོ་དབྱེའི་མྱུར་ཚད་དང་གོམ་སྟབས་ལ་སྤྱི་འདོམས་དང་བཀོད་སྒྲིག་ཡག་པོ་བྱེད་དགོས། ཚོང་དོན་དང་། མ་འཇོག མངའ་ཁོངས་བརྒལ་བའི་མ་དངུལ་འཁོར་རྒྱུག མི་སྣ་འགྲོ་འོང་། ཕན་ཚུན་སྐྱེལ་འདྲེན་བཅས་རང་མོས་སྟབས་བདེ་དང་གྲངས་གཞིའི་བདེ་འཇགས་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཡོང་བར་དམིགས་ཏེ། རྒྱལ་སྤྱིའི་ཆུ་ཚད་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་བསྡུར་བ་དང་ལམ་ལུགས་ཅན་གྱི་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་སྐྲུན་དགོས། སྒོ་དབྱེའི་ལས་སྟེགས་སྣ་ཚོགས་དངོས་སུ་གཏོད་པ་དང་ལེགས་སུ་བཏང་སྟེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་དང་ས་ཁུལ་གྱི་རང་མོས་ཚོང་དོན་གླིང་ཁུལ་དང་སྤེལ་རེས་མཉམ་ལས་དང་བྱེད་ནུས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དང་མཉམ་འགུལ་འཕེལ་རྒྱས་གཏོང་བར་ཤུགས་སྣོན་རྒྱག་པ་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་དང་འབྲི་ཆུའི་ཟུར་གསུམ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་དགོས། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་ལྟེ་བའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གང་མགྱོགས་བཏང་སྟེ་གྲ་སྒྲིག་གི་ལས་དོན་ཁག་ཞིབ་ཚགས་ངང་ལེགས་པར་བསྒྲུབས་ནས། འགག་སྒོ་བཀག་སྡོམ་ལས་དོན་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། གྲོང་མིའི་ཤེས་དཔལ་བྱང་ཚད་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་རྒྱུན་འཁྱོངས་ལྷོད་མེད་ངང་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་བ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་གཏོད་རྒྱ་ཁྱབ་ཏུ་བྱེད་པ་བཅས་བྱས་ནས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀ་གོང་མཐོར་གཏོང་ཐུབ་པའི་འབད་བརྩོན་བྱེད་དགོས། ལོ་རྒྱུས་ཀྱི་རིག་གནས་དང་། གསར་བརྗེའི་རིག་གནས། རྒྱ་མཚོའི་རིག་གནས། དམངས་སྲོལ་གྱི་རིག་གནས་བཅས་ཀྱི་ཐོན་ཁུངས་སྲུང་སྐྱོང་ཡག་པོ་དང་། བཀོལ་སྤྱོད་ཡག་པོ། རྒྱུན་འཛིན་ཡག་པོ་བཅས་བྱས་ནས་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་ཆེ་རུ་གཏོང་བ་དང་རིག་གནས་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། གོམས་སྲོལ་སྒྱུར་བར་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དམངས་འཚོར་འགན་སྲུང་དང་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ཤིང་། རྨང་གཞིའི་རང་བཞིན་དང་། ཀུན་ཕན་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་དང་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་ཞུགས་སྤྱི་ཡོངས་ནས་བརྟན་པོ་རྒྱུན་མཐུད་ཡོང་བར་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་བཀོད་པར་སྤྱི་འདོམས་བྱས་ནས། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བར་སྐུལ་སྤེལ་བརྟན་པོ་གཏོང་དགོས། དབུལ་སྒྲོལ་མི་འབོར་ལ་རོགས་སྐྱོར་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་བ་དང་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་པོ་མི་ཐོན་པའི་མཐའ་ཚད་བརྟན་པོར་སྲུང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དང་། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། གུད་སྐྱོབ་གསུམ་གྱི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཉེན་ཁ་དང་འགྲན་སློང་ཚབས་ཆེན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་ནག་སེལ་གཤེད་བཅོམ་བྱེད་པ། ཁྲིམས་འགལ་གྱི་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་སྤྱི་འདོམས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་གཏོང་དགོས་ཤིང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་མུ་མཐུད་བྱས་ནས་སྤྱོད་ཚུལ་འགྱུར་བར་སྐུལ་འདེད་གཏོང་བ། རྒྱ་ཆེའི་ལས་བྱེད་པར་གདོང་མཆོང་བྱེད་ཕོད་པ་དང་། ཚོད་ལྟ་བྱེད་ཕོད་པ། གཞན་གྱི་སྔོན་ལ་བྱེད་ཕོད་པ། དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ་བཅས་ཀྱི་དམིགས་བསལ་ཁུལ་གྱི་སྙིང་སྟོབས་དར་སྤེལ་མུ་མཐུད་གཏོང་དུ་བཅུག་ནས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་སྐུལ་མ་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་ཆད་མེད་པར་དམ་འཛིན་ཡག་པོ་བྱས་ནས། རུལ་སུངས་སྐྱེ་འཕེལ་གྱི་ས་རྒྱུ་དང་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་མེད་པར་བཟོ་དགོས། དབང་ཆ་སྤྱོད་པར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། ལས་བྱེད་པར་རུལ་འགོག་འགྱུར་ཟོན་གྱི་འཇོན་ཐང་ཆེ་རུ་གཏོང་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས“ཟ་འབྲུ”དང“ཤ་ཚལ་སྒོང་གསུམ”སོགས་ཀྱི་དམངས་འཚོ་འགན་ལེན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དངོས་ཟོག་དང་ནུས་རྒྱུ་སོགས་མཁོ་སྤྲོད་འགན་ལེན་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་གཏིང་ཟབ་བཅས་བྱས་ནས། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་ཇུས་འགོད་ཚན་རིག་དང་མཐུན་པ་བྱས་ཏེ། ལོ་གསར་པར་འགོ་ཡག་པོ་ཞིག་འཛུགས་ཐུབ་ཆེད་འབད་བརྩོན་བྱེད་དགོས།