ཁ་པར་གྱི་གློག་ཡོངས་སུ་ཚར་རྗེས་གློག་བསོགས་ན་གློག་རྫས་ལ་གནོད་དམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-19   རྩོམ་ཁུངས།    极地科普

ཁྱོད་ཀྱིས་དུས་རྒྱུན་ཁ་པར་ལ་གློག་ཅི་ཙམ་ཡོད་དུས་ད་གཟོད་གློག་བསོགས་པ་ཡིན་ནམ། 
ཉེ་ཆར། པེ་ཅིན་གྲོང་ཁྱེར་ཚན་རིག་ལག་རྩལ་མཐུན་ཚོགས་དང་པེ་ཅིན་གྲོང་ཨུའི་དྲ་འཕྲིན་གཞུང་ལས་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས“ཚན་རིག”གི་དཀྲོག་གཏམ་སྣ་ཚོགས་ཁྱབ་བསྒྲགས་བྱས་ཤིང་། དེའི་ནང“ཁ་པར་གྱི་གློག་ནི་ངེས་པར་དུ་ཡོངས་སུ་ཚར་རྗེས་ད་གཟོད་བསོག་དགོས་པ་དང་། དེ་ལྟར་བྱས་ན་གློག་རྫས་ཀྱི་ཚེ་ཐག་ཇེ་རིང་ལ་གཏོང་ཐུབ”ཅེས་པའི་བཤད་སྟངས་དེ་ཐེར་འདོན་བྱས་པ་རེད།    
ཁ་པར་གྱི་གློག་ཡོངས་སུ་ཚར་རྗེས་ད་གཟོད་གློག་བསོགས་ན་གློག་རྫས་རྙིང་ཚད་ཇེ་མགྱོགས་སུ་འགྲོ།
ཐེན་ཅིན་སློབ་ཆེན་རྒྱུ་ཆའི་ཚན་རིག་དང་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེན་མོ་ཞུས་ཡུན་ཧྭ་ཡིས“ངེས་པར་དུ་གློག་ཡོངས་སུ་ཚར་རྗེས་ད་གཟོད་གློག་བསོག་དགོས”ཞེས་པའི་ལྟ་ཚུལ་དེ་ནི་ནིག་ཁུར་གློག་རྫས་ཀྱི་དྲན་ཤེས་ནུས་སྣང་ལ་བརྟེན་ནས་བྱུང་བ་ཡིན། ལིས་གློག་རྫས་ལ་གློག་གསོག་པའི་དྲན་ཤེས་ནུས་སྣང་མེད་པས། གློག་ཡོངས་སུ་ཚར་རྗེས་ད་གཟོད་གློག་གསོག་པའི་དགོས་པ་མེད་ཅེས་བཤད།    
གློག་རྫས་ཀྱི་ཚེ་ཐག་ནི་གློག་གསོག་པ་དང་གློག་གཏོང་བའི་འཁོར་སྐྱོད་ཐེངས་གྲངས་ལ་གཞིགས་ནས་ཚད་འཇལ་བ་ཡིན་ལ། གློག་བཀང་ཡོད་པ་དེ་ཡོངས་སུ་ཚར་ཐེངས་རེ་ནི་འཁོར་སྐྱོད་གཅིག་ཏུ་བརྩི་བ་དང་། གློག་བེད་སྤྱོད་བྱས་ཚད་དེ་གློག་རྫས་ཤོང་ཚད་ཀྱི100%ལ་སླེབས་ཚེ། གློག་གི་དུས་འཁོར་གཅིག་གྲུབ་པ་ཡིན། འོན་ཀྱང་། གློག་གི་དུས་འཁོར་གཅིག་ནི་ངེས་པར་དུ་གློག་གསོག་ཐེངས་གཅིག་གི་ནང་ལ་འགྲུབ་དགོས་པ་ཞིག་མིན། དཔེར་ན་ཉིན་གཅིག་ལ་གློག75%བཀོལ་བ་དང་། མཚན་མོར་གློག་ཡོངས་སུ་བཀང་རྗེས། དེའི་ཕྱི་ཉིན་ཡང་གློག25%བེད་སྤྱོད་བྱས་ན། གློག་གཏོང་ཚད100%ལ་སླེབ་ཐུབ་པས། ཉིན་གཉིས་ཀྱི་ནང་དུ་བསྡོམས་པས་གློག་གསོག་དུས་འཁོར་གཅིག་འགྲུབ་པ་ཡིན། 
ཞུས་ཡོན་ཧྭ་ཡིས་གསལ་བཤད་བྱ་རྒྱུར། གློག་རྫས་ཀྱི་གློག་གསོག་གཏོང་བརྒྱུད་རིམ་ནི་དོན་དངོས་སུ་རྫས་འགྱུར་དངོས་པོར་རྫས་འགྱུར་འགྱུར་འབྱུང་བྱུང་བའི་གོ་རིམ་ཞིག་ཡིན། གློག་ཡོངས་སུ་ཚར་རྗེས་ཀྱི་གློག་རྫས་དེ་ཚད་བརྒལ་གློག་གཏོང་གི་རྣམ་པར་ཡོད་ཅིང་། གློག་རྫས་ནང་ཁུལ་གྱི་རྫས་འགྱུར་རྒྱུ་ཆ་ལ་ཕལ་ཆེར་ལྡོག་ཐབས་མེད་པའི་རྫས་འགྱུར་འགྱུར་འབྱུང་བྱུང་ནས། གློག་རྫས་ཀྱི་ཤོང་ཚད་ཇེ་ཆུང་དུ་གཏོང་སྲིད། གློག་ཡོངས་སུ་ཚར་རྗེས་ཡང་བསྐྱར་གློག་གསོག་ན།   གློག་བསོགས་མ་ཐག་པའི་སྐབས་ཀྱི་གློག་རྒྱུན་ཅུང་ཆེ་བས། ཚ་ནུས་མང་པོ་བསྐྱེད་དེ་གློག་རྫས་ནང་ཁུལ་གྱི་རྫས་འགྱུར་རྒྱུ་ཆ་ལ་གནོད་སྐྱོན་ངེས་ཅན་བཟོ་སྲིད་པ་དང་། དུས་ཡུན་རིང་བོར་དེ་ལྟར་བྱས་ན་གློག་རྫས་རྙིང་འགྱུར་ཚད་ཇེ་མགྱོགས་སུ་སོང་ནས།   རྒྱུན་ལྡན་གྱི་བཀོལ་སྤྱོད་ལ་ཤུགས་རྐྱེན་ཐེབས་པ་ཡིན།     
ཡུན་རིང་ལ་གློག་ཡོངས་སུ་བཀང་ནས་ཡོད་ན་མི་བཟང་།  
ཞུས་ཡུན་ཧྭ་ཡི་བསམ་ཚུལ་ལྟར་ན། ཁ་པར་ལ་གློག་གསོག་སྐབས་གློག་ཚད20%ནས30%ཡིན་དུས། ད་གཟོད་གློག་གསོག་མགོ་བརྩམས་ཏེ། 80%ནས90%བར་དུ་ཐོན་ན་ཆོག མཉམ་འཇོག་བྱ་དགོས་པ་ཞིག་ལ། གློག་གསོག་སྐབས་ངེས་པར་དུ་ཚད་ལྡན་གློག་གསོག་ཆས་སྤྱོད་དགོས་པར་མ་ཟད། དྲོད་ཚད་མཐོ་དྲགས་པ་དང་དམའ་དྲགས་པའི་ཁོར་ཡུག་ཏུ་གློག་གསོག་པར་འཛེམ་དགོས་ཏེ། ཐལ་དྲགས་པའི་དྲོད་ཚད་ཀྱིས་ཀྱང་གློག་རྫས་ཀྱི་གཤིས་ནུས་དང་ཚེ་ཚད་ལ་ངན་ཤུགས་ཐེབས་སྲིད།    
ཁ་པར་གྱི་གློག་བཀང་རྗེས། དུས་ཐོག་ཏུ་གློག་གསོག་མཚམས་འཇོག་དགོས་ཏེ། དུས་ཡུན་རིང་བོར་གློག100%བྱས་ཏེ་བཞག་ན་མི་བཟང་།  དེའི་རྒྱུ་མཚན་ནི་གློག་གསོག་ཚད་ཚད་ལས་བརྒལ་ན། གློག་རྫས་ནང་ཁུལ་གྱི་གནོན་ཤུགས་ཇེ་ཆེར་གྱུར་ནས། རྙིང་ཚད་ཇེ་མགྱོགས་སུ་འགྲོ་བ་ཡིན། ད་སྐབས། ཁ་པར་ཁ་ཤས་ལ་གློག་ཉུང་གསོག་བྱེད་པའི་ནུས་པ་ལྡན་པས། གློག་བཀང་རྗེས་རང་འགུལ་ངང་གློག་རྒྱུན་ཆུང་ངུའི་གློག་གསོག་གི་རྣམ་པར་འགྱུར་ཡང་། གློག་བཀང་རྗེས་གློག་གསོག་མཚམས་བཞག་ན་བཟང་ཆ་ལས་སྐྱོན་ཆ་མེད།