ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོར་ཞུགས་རྒྱུ་དང་ཨའོ་མོན་ལ་གཟིགས་ཞིབ་གནང་རྒྱུ་ཡིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-20   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

ཞི་ཅིན་ཕིང་ཨའོ་མོན་དུ་ཕེབས་འབྱོར་ཟིན་པ།

ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་སོགས་གནམ་ཐང་དུ་ཕེབས་བསུར་བཅར་བ།

    ཟླ་12ཚེས་18ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཨའོ་མོན་དུ་ཕེབས་འབྱོར་ཟིན་ཏེ། ཚེས་20ཉིན་འཚོག་རྒྱུ་ཡིན་པའི་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོར་ཞུགས་རྒྱུ་དང་འབྲེལ་ཨའོ་མོན་ལ་གཟིགས་ཞིབ་ཀྱང་གནང་རྒྱུ་ཡིན་ཞིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་དགའ་བསུ་ཞུ་མཁན་མི་ཚོགས་ལ་ཕྱག་གཡུག་གཡུག་གནང་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་ཟླ་12ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཨའོ་མོན་དུ་ཕེབས་འབྱོར་ཟིན་ཏེ། ཚེས་20ཉིན་འཚོག་རྒྱུའི་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོར་ཞུགས་རྒྱུ་དང་ཨའོ་མོན་ལ་གཟིགས་ཞིབ་གནང་རྒྱུ་རེད།

    ཆུ་ཚོད་16ཡོལ་ཙམ་ལ། ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ཨོ་མོན་རྒྱལ་སྤྱིའི་གནམ་ཐང་དུ་དལ་གྱིས་བབས་ཤིང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་གནམ་གྲུ་ནས་དོན་ཕེབས་ཏེ་དགའ་བསུ་ཞུ་མཁན་མི་ཚོགས་ལ་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བ་རེད། ཨའོ་མོན་གྱི་ཉེན་རྟོག་པའི་རོལ་ཆ་རུ་ཁག་གིས་སྤྲོ་སེམས་རབ་ཏུ་འཁོལ་བའི་དགའ་བསུའི་རོལ་དབྱངས་དཀྲོལ་བ་དང་འབྲུག་སེང་རྩེ་བཞིན་དགའ་སྤྲོའི་རྣམ་པས་ཁེངས། སྐས་ཀའི་འགྲམ་དུ་ལོ་ཆུང་བྱིས་པ་གཉིས་ཀྱིས་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ལ་མེ་ཏོག་སོས་པ་ཕུལ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་དང་སྐུ་ཟླ་ཀྲེང་སུའུ་ཀྲེན་གྱི་ཕེབས་རོགས་འོག ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཕེབས་བསུར་བཅར་བའི་མི་སྣར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་རེད། ཨའོ་མོན་གྱི་གཞོན་ནུ་ལོ་ཆུང་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་བརྒྱ་ཕྲག་གིས་རྒྱལ་དར་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར། དེ་བཞིན་མེ་ཏོག་སོས་པ་བཅས་གཡུག་གཡུག་བྱས་ནས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།

     ད་རེས་ཞི་ཅིན་ཕིང་ཨའོ་མོན་ལ་ཕེབས་པར་རྒྱལ་ཁབ་ཕྱི་ནང་གི་དོ་ཁུར་ཆེན་པོ་ཐོབ་ཅིང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པས་གནམ་ཐང་དུ་ཕེབས་སྒུག་ཞུས་ནས་བསྡད་ཡོད། ཞི་ཅིན་ཕིང་བཅར་འདྲི་བྱེད་ཁུལ་དུ་ཕེབས་ནས་དེ་གར་ཡོད་པའི་གསར་འགོད་པར་འཚམས་འདྲི་གནང་ཞིང་། ཁོང་གིས་མཛེས་སྡུག་ལྡན་པའི་ཨའོ་མོན་དུ་སླེབས་རིམ་བཞིན་སེམས་ཧ་ཅང་སྐྱིད་པོ་འདུག ད་རེས་ཡོང་དོན་ནི་སྤུན་ཟླ་ཚོ་དང་མཉམ་དུ་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བ་དང་། ལོ་    འདི་དག་རིང་གི་ཨའོ་མོན་གྱི་འཕེལ་རྒྱས་དང་འགྱུར་ལྡོག་གསར་པར་ལྟ་བར་ཡོང་བ་ཡིན། ངས་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ། ཨའོ་མོན་གྱི་གྲོང་མི་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། ལོ་25ཡི་རིང་། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་བསྟར་བར་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཁས་ལེན་པའི་གྲུབ་འབྲས་ཐོབ་སྟེ། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཐུན་མོང་མ་ཡིན་པའི་ཉམས་འགྱུར་མངོན་བཞིན་ཡོད། རྒྱལ་ཁབ་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་འགྲོ་བ་དེ་སུས་ཀྱང་འགོག་ཐབས་བྲལ་ཞིང་། ཨའོ་མོན་གྲབས་ཚགས་ཚུད་དང་གཏོང་གནད་འཁེལ་གྱིས་འཕེལ་རྒྱས་ཕྱིན་ནས་འབྱུང་འགྱུར་རེ་བས་ཁེངས། འདི་ནི་ཨའོ་མོན་གྱི་གྲོང་མིའི་གཟི་བརྗིད་ཡིན་ལ་རྒྱལ་ཡོངས་མི་དམངས་ཀྱི་སྤོབས་པའང་ཡིན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་འབད་འཐབ་དང་གསར་གཏོད་བྱེད་ཕོད་པ་བྱས་ཚེ། ཨའོ་མོན་གྱིས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་ངེས་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཨའོ་མོན་ནི་མེས་རྒྱལ་གྱི་སྙིང་ནོར་ལྟ་བུ་ཡིན། ངས་ད་བར་དུ་ཨའོ་མོན་གྱི་འཕེལ་རྒྱས་དང་གྲོང་མི་ཡོངས་ཀྱི་བདེ་སྡུག་ལ་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། དེའི་རྗེས་ཀྱི་ཉིན་ཁ་ཤས་ནང་ངས་ལས་རིགས་ཁག་གི་གྲོགས་པོ་ཚོ་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་ཨའོ་མོན་གྱི་འཕེལ་རྒྱས་ཇུས་ཆེན་ཐུན་མོང་ཐོག་གླེང་གི་ཡིན།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཝུའེ་ཏུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཝང་ཏུང་ཧྥུང་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་ཕེབས་འབྱོར་ཟིན་པ་རེད། ཀྲུང་གུང་ཀྲུང་དབྱང་ཀང་ཨའོ་ལས་དོན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཀང་ཨའོ་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ཤཱ་པའོ་ལུང་སྔ་སྣུར་དུ་ཕེབས་འབྱོར་ཟིན་པ་དང་འབྲེལ་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་བསྐོ་སྒུག་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་སྲིད་འཛིན་དང་། ཁྲིམས་འཛུགས། ཁྲིམས་འཛིན་བཅས་སྒྲིག་གཞིའི་འགན་འཁུར་བ་སོགས་གནམ་ཐང་དུ་ཕེབས་བསུ་ཞུ་བར་བཅར་ཡོད། ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲེང་ཤིན་ཚུང་དང་། ཨའོ་མོན་དུ་བཅའ་སྡོད་ཕྱི་འབྲེལ་པུའི་ཆེད་མངགས་པའི་ཀུང་ཧྲུའུ་ཡི་ཆེད་མངགས་པ་ལིའུ་ཤན་ཧྥ། ཨའོ་མོན་དུ་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེའི་སི་ལིང་ཡོན་ཡུས་ཁྲང་ཅང་དང་ཆབ་སྲིད་ཨུ་ཡོན་ལིན་ཆིང་ཧྭ་སོགས་ཀྱང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།