རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ1པོའི་ཚེས5ཉིན་གྱི་དགོང་མོའི་དུས་ཚོད་19:27ཐོག ཁྲེང་ཏུའུ་ནས་སེམས་ཀྱི་ཉི་ཟླ་ལ་བསྐྱོད་པའི་སྒུལ་འཁོར་ཐེངས་དང་པོ་སེམས་ཀྱི་ཉི་ཟླ་འབབ་ཚུགས་སུ་འབྱོར་ནས། ཁྲེང་ཏུའུ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་སྒུལ་འཁོར་ཐད་ཀར་བསྐྱོད་ཐུབ་པ་མངོན་འགྱུར་བྱུང་།
ས་ཚིགས་སྣེ་ལེན་བྱ་ཡུལ་དུ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་དགའ་བསུ་ཞུ་བའི་མཛད་སྒོ་ཞིག་སྤྲོ་སེམས་འཁོལ་བའི་ངང་འཁྲབ་སྟོན་བྱས་པ་རེད། འབབ་སྟེགས་ཐོག་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱི་ལས་དོན་མི་སྣ་ཚོས་མི་རིགས་གྱོན་ཆས་གྱོན་ནས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་བྱས་ཏེ་རྒྱང་རིང་ནས་ཡོང་བའི་འགྲུལ་པ་རྣམས་ལ་དགའ་བསུ་ཞུས་ནས་བདེ་ཆེན་མི་དམངས་ཀྱི་སྤྲོ་སེམས་འཁོལ་བའི་མགྲོན་བསུ་དང་མཛེས་སྡུག་ལྡན་པའི་འཚོ་བར་འདོད་པ་བརྒྱུད་སྤྲོད་བྱས་ཡོད།
ཁྲུང་ཆིང་ནས་ཡོང་བའི་ཡུལ་སྐོར་བ་ཧོང་ཞིན་མེ་འཁོར་ནས་བབས་མ་ཐག་མིག་མདུན་གྱི་གླུ་གར་འཁྲབ་སྟོན་གྱིས་ཡིད་དབང་བཀུག་འདུག ཁོང་གིས་འབབ་ཚུགས་སུ་ཐོན་མ་ཐག་དགའ་བསུ་ཞུ་བའི་གླུ་གར་དེ་རིགས་མཐོང་ཐུབ་པར་ཧ་ཅང་དགའ་པོ་བྱུང་ཞེས་བཤད་བྱུང་།པེ་ཅིང་ནས་ཡོང་བའི་ཡུལ་སྐོར་བ་དབྱང་ཅུན་གྱིས་དེ་སྔོན་ནས་བཟུང་སེམས་ཀྱི་ཉི་ཟླར་ཡུལ་སྐོར་ལ་ཡོང་འདོད་ཧ་ཅང་ཆེ། ཁྲེང་ཏུའུ་ནས་སེམས་ཀྱི་ཉི་ཟླ་ལ་འགྲོ་བའི་མེ་འཁོར་ཐེངས་དང་པོ་ཡིན་པ་ཤེས་རྗེས། ཆེད་མངགས་མེ་འཁོར་འདིའི་སྤ་སེ་ཉོས་ཡོད། སང་ཉིན་ཞོགས་པ་ང་ཚོས་སྔ་མོར་ལངས་ནས་དགའ་ལྡན་སུམ་རྩེན་གླིང་གི་ཞོགས་པའི་སྨུག་པ་ལ་བལྟ་རྩིས་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
ཀྲུང་གོའི་ལྕགས་ལམ་ཀོང་ཐུང་མེ་འཁོར་དུམ་བུ་སེམས་ཀྱི་ཉི་ཟླ་ས་ཚིགས་ཀྱི་འགྲུལ་སྐྱེལ་མི་སྣ་ཧོང་ཧའོ་ཞིན་གྱིས་2025ལོའི་ཟླ་1པོའི་ཚེས་5ཉིན་ནས་བཟུང་སེམས་ཀྱི་ཉི་ཟླ་ནས་ཁྲེང་ཏུའུ་ལྷོ་བར་ཉིན་ལྟར་མེ་འཁོར་ཆ་གཅིག་གཏོང་གི་ཡོད་པ་དང་མིག་སྔར་བཙོང་བཞིན་པའི་སྤ་སེའི་རིན་གོང་སྒོར་439ནས་བཟུང་ཡོད། སེམས་ཀྱི་ཉི་ཟླ་ས་ཚིགས་ནས་མགོ་བརྩམས་པའི་མེ་འཁོར་ཞོགས་པ་ཆུ་ཚོད་9:45ལ་གཏོང་འགོ་བརྩམས་ལ། ས་དམ་དང་ཕན་ཀྲི་ཧྭ་ལྷོ། ཞི་ཁྲང་ནུབ་སོགས་ས་ཚིགས་བརྒྱུད་ནས། ཆུ་ཚོད་20:18ལ་ཁྲེང་ཏུའུ་ལྷོ་ས་ཚིགས་སུ་འབྱོར་བ། ཁྲེང་ཏུའུ་ལྷོ་ས་ཚིགས་ནས་ཐོན་པའི་མེ་འཁོར་ཞོགས་པའི་ཆུ་ཚོད་8:40ནས་གཏོང་འགོ་བརྩམས་པ་དང་། ཆུ་ཚོད་19:32ཐོག་སེམས་ཀྱི་ཉི་ཟླ་ས་ཚིགས་སུ་འབྱོར་ཞིང་། དུས་ཡུན་ཆུ་ཚོད་10དང་སྐར་མ་33ཙམ་བསྐྱོད་དགོས་པ་རེད་ཅེས་ངོ་སྤྲོད་བྱས་པ།
ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཀའོ་ཞང་གིས་ཁྲེང་ཏུའུ་ནས་སེམས་ཀྱི་ཉི་ཟླ་བར་ཐད་ཀར་མེ་འཁོར་ཤར་གཏོང་བྱས་པ་དེས་ཡུལ་སྐོར་བ་ཚོར་དེ་བས་སྟབས་བདེ་བའི་འགྲིམ་འགྲུལ་བྱེད་སྟངས་མཁོ་འདོན་བྱས་པ་མ་ཟད། བདེ་ཆེན་གྱི་ཡུལ་སྐོར་ལས་རིགས་ལའང་གསོན་ཤུགས་གསར་པ་བསྣན་ཡོད། ཡུལ་སྐོར་བ་དེ་བས་མང་བ་བདེ་ཆེན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ཉམས་ལེན་བྱེད་པར་ཡོང་བའི་རེ་སྒུག་བྱེད་བཞིན་ཡོད།འཛམ་གླིང་གི་སེམས་ཀྱི་ཉི་ཟླའང་ཁྲེང་ཏུའུ་དང་ཁྲུང་ཆིང་དཔལ་འབྱོར་རྒྱུད་དང་པ་ཧྲུའུ་རིག་གནས་ཡུལ་སྐོར་བར་ཁྱམས་ནང་འདྲེས་ནས་འཛམ་གླིང་གི‘སེམས་ཀྱི་ཉི་ཟླའི’གསེར་གྱི་མིང་བྱང་གི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་སྔར་བས་ཆེ་རུ་གཏོང་རྒྱུ་རེད་ཅེས་བཤད་བྱུང་།