རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-09   རྩོམ་ཁུངས།    中央广播电视总台藏语广播
མི་ཞིག་གི་ངོས་ནས་བརྗོད་ན། ལོ་45ཡི་རྗེས་སུ། ལུས་པོའི་ཟུངས་ནུས་མ་ལུས་ནུབ་རིའི་ཉི་མ་བཞིན་ཉམས་དམས་སུ་འགྲོ་འགོ་བརྩམས་ཏེ་ནད་རིགས་སྣ་ཚོགས་འགོས་སླ་པོ་ཡོད། འོན་ཀྱང་སྐྱེ་བོ་ཕོ་མོ་སུ་ཡིན་རུང་། གལ་སྲིད་ལོ་ན་45སོན་པའི་རྗེས་ཁྲག་རྩ་དང་གློ་བ། རྒྱུ་མ་བཅས་ནག་ནོག་དྲེག་པ་མ་འགོས་པའི་མེ་ལོང་ལྟར་གཙང་མ་ཡིན་ན། དེ་ལྟར་བདེ་ཐང་དང་མི་ཚེའི་རྒྱུན་ཐག་རིང་བ་ཡོད།
1. ཁྲག་རྩ་གཙང་མ།
མི་དང་ཁྲག་རྩ་ཡི་ཚེ་ཐག་རིང་ཐུང་གཅིག་མཚུངས་ཡིན། གལ་ཏེ་ཁྲག་རྩ་གཙང་མ་མིན་པར་ཁྲག་རྩའི་ནང་ལ་མི་གཙང་གད་སྙིགས་བྱུང་བ་དཔེར་ན། ཁྲག་རྩར་ཁྲ་ཐིག་དང་ཁྲག་དབལ་སོགས་བྱུང་ན། ཁྲག་རྩ་འགག་ནས་ཁྲག་མཁོ་སྤྲོད་མ་ཐུབ་པར་ཚབས་ཆུང་ན་མགོ་ཡུ་འཁོར་བ་དང་མགོ་ན་བ། བྲང་འགག་སོགས་ཀྱི་ནད་རྟགས་འབྱུང་སྲིད། ཚབས་ཆེ་ན་དོས་དྲག་རང་བཞིན་གྱི་ཀླད་རྩ་འགག་པ་དང་། སྙིང་གཟེར་ནད། གཞོགས་ཕྱེད་ཞ་བ། གྲིབ་ནད་སོགས་ཀྱི་ནད་རྟགས་ཚབས་ཆེན་འབྱུང་སྲིད།
ཁྲག་རྩར་གནོད་པའི་གཏན་དགྲ་བཞི་ཡོད་དེ། མངར་ཆ་དང་ཞག་ཚིལ། ཚྭ་བཅས་མང་བའི་བཟའ་འཐུང་དང་གཅིག རང་གིས་ཐ་མག་འཐེན་པའམ་མི་གཞན་གྱིས་འཐེན་པའི་ཐ་མག་གི་དུ་བ་རྔུབ་དང་གཉིས། དུས་ཡུན་རིང་པོར་གཟུགས་པོ་འགུལ་སྐྱོད་མ་བྱས་པ་དང་གསུམ། རྟག་པར་མཚན་འཁྱོངས་བཏང་ནས་དཀའ་ལས་ཁག་དྲགས་པ་དང་བཞི་བཅས་ཡིན་པས་དེ་དག་རྩྭ་རྩེའི་ཟིལ་པ་ཙམ་ཡང་སྤོངས་དགོས།
2. གློ་བ་གཙང་མ།
གློ་བ་ནི་དབུགས་འབྱིན་རྔུབ་བྱེད་པའི་དབང་པོ་ཡིན་ལ། མིའི་ལུས་ཕུང་གི་ཚེ་སྲོག་སྐྱོང་བའི་དབང་པོ་ཡང་ཡིན། ང་ཚོའི་ལུས་པོའི་ནང་གི་གསོ་རླུང་ཚང་མ་གློ་བའི་རླུང་གཟུགས་བརྗེ་ལེན་ལ་བརྟེན་ནས་ཐོབ་པ་ཡིན། གལ་ཏེ་མིའི་གཟུགས་པོར་གསོ་རླུང་མེད་ན་དབུགས་ཀྱི་རྒྱུ་བ་ཆད་ནས་གསོན་པོར་གནས་ཐབས་བྲལ། གཞན་ཡང་དབྱང་གཉིས་ཐཱན་འགྱུར་ནི་མིའི་ལུས་ཕུང་གི་བརྗེ་ཚབ་ཐོན་དངོས་ཡིན་ཞིང་། གློ་བ་བརྒྱུད་ནས་ད་གཟོད་ལུས་པོའི་ཕྱི་རོལ་དུ་འབུད་ཀྱི་ཡོད། གློ་བ་གཙང་མ་དང་བདེ་ཐང་བྱུང་ན། རིམས་འགོག་ནུས་པ་ཆེ་རུ་ཕྱིན་ནས་ལུས་པོ་བདེ་ཐང་ངང་གནས་ཐུབ། གལ་ཏེ་གློ་བ་བཙོག་ཅིང་བདེ་ཐང་མིན་ན། གློ་ལུ་བ་དང་དབུགས་ཧལ་བ། གློ་བའི་མདུད་རྡུལ། གློ་ཚད། གློ་སྐྲན་སོགས་ཀྱི་ནད་རིགས་འབྱུང་སླ།
གློ་བར་གནོད་པའི་གཏན་དགྲ་བཞི་ཡོད་དེ། ཐ་མག་གི་དུ་བ་དང་ཐལ་རྡུལ། ཚལ་བརྔོ་དུས་ཀྱི་དུ་བ། བརླན་གཤེར་ཆེ་བའི་ཁོར་ཡུག་ནང་གི་འབུ་ཕྲ་བཅས་མི་གཙང་བ་ཁ་ནང་དུ་རྔུབ་དང་གཅིག དགུན་དུས་གནམ་གཤིས་སྐམ་ཤས་ཆེ་ཞིང་གྲང་ངར་ཆེ་བས། ཆུ་འོས་འཚམ་མ་བཏུངས་ན་གློ་བར་འབུ་ཕྲ་འགོས་སླ་བ་དང་གཉིས། (ཉིན་རེར་ཆུ་ཧའོ་ཧྲེང་2000ཡས་མས་འཐུང་དགོས་པ་མ་ཟད། ཉུང་ཙམ་ངང་ཐེངས་མང་འཐུང་དགོས།)ལེ་ལོ་དང་སྒྱིད་ལུག་ཚ་དྲགས་ནས་ལུས་པོར་སྦྱོང་བརྡར་མ་བྱས་པ་དང་གསུམ། སྨན་ཁང་ལ་ཕྱིན་ནས་གློ་བའི་བརྟག་དཔྱད་ལ་མཐོང་ཆེན་མ་བྱས་པ་དང་བཞི་བཅས་ཡིན་པས་དེ་དག་ལ་སྣང་ཆུང་གཏོང་མི་རུང་།
3. རྒྱུ་མ་གཙང་མ།
རྒྱུ་མ་ནི་མིའི་ལུས་ཕུང་གི་འཚོ་བཅུད་འཇུ་ལེན་དབང་པོ་དང་དུག་སེལ་དབང་པོ། རིམས་འགོག་དབང་པོ་གལ་ཆེན་ཞིག་ཡིན། འཚོ་བ་དང་ལས་ཀའི་གནོན་ཤུགས་ཆེ་བ་དང་། བཟའ་འཐུང་མི་འཚམ་པ། ལོ་ན་ཇེ་མཐོར་སོང་བ་བཅས་ཀྱིས་ང་ཚོའི་རྒྱུ་མའི་ཁོར་ཡུག་རྙོག་འཛིང་ཅན་དུ་འགྱུར་ཏེ། རྒྱུ་མའི་ཕན་ཡོད་སྲིན་ཚོགས་ཀྱི་གྲངས་འབོར་ཉུང་དུ་འགྲོ་བ་དང་། གནོད་ལྡན་སྲིན་ཚོགས་རྒྱུན་ཆད་མེད་པར་མང་དུ་འགྲོ་བས། སྐབས་དེར་རྒྱུ་མ་བཙོག་པོར་འགྱུར་སྲིད། གལ་ཏེ་ང་ཚོས་སྣང་ཚུལ་དེ་དུས་ཐོག་ཏུ་བཅོས་ཐབས་མ་བྱས་ན་རྒྱུ་མའི་ནང་གི་དུག་རྒྱུ་དང་རྒྱུ་ངོས་འབྲེལ་གཏུག་བྱེད་པའི་དུས་ཡུན་རིང་དྲགས་པའམ་ཐ་ན་མིའི་ལུས་ཕུང་ནང་དུ་འཛུལ་ནས་ལོང་བའི་འབྲས་སྐྲན་དང་སྙིང་དང་ཀླད་པའི་ཁྲག་རྩའི་ནད། པགས་པའི་མདོག་རྒྱུ་ཕུང་གསོག་ཐེབས་པ་སོགས་བདེ་ཐང་ལ་གནོད་པའི་གནད་དོན་མང་པོ་གཅིག་མཇུག་གཉིས་མཐུད་དུ་ཐོན་སྲིད།
རྒྱུ་མར་གནོད་པའི་གཏན་དགྲ་བཞི་ཡོད་དེ། དུས་ཡུན་རིང་པོར་ཞག་ཚིལ་ཆེ་བའི་བཟའ་འཐུང་ལ་རོལ་བ་དང་གཅིག གཟུགས་པོར་སྦྱོང་བརྡར་མི་འདང་བ་དང་གཉིས། ཆུ་འཐུང་བ་ཉུང་དྲགས་པ་དང་གསུམ།(ཉིན་རེར་ཆུ་ཧའོ་ཧྲེང་2000ཡས་མས་འཐུང་དགོས།)བདེ་སྲུང་དངོས་རྫས་འདྲ་མིན་སྣ་ཚོགས་གང་བྱུང་བེད་སྤྱོད་བཏང་བ་དང་བཞི་བཅས་ཡིན་པས། རྒྱུ་མའི་བདེ་ཐང་ལ་གནོད་པའི་གོམས་གཤིས་ངན་པ་དེ་དག་དགྲ་བོ་བཞིན་གཅིག་ཐུག་གཉིས་ཐུག་རེ་རེ་བཞིན་ཚར་གཅོད་དགོས་སོ། །