ཉེ་དུས་ཆམ་རིམས་ཀ་པ་ཐོན་མང་པས་ཚང་མས་ཁ་རས་རྒྱག་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-10   རྩོམ་ཁུངས།    中国西藏网藏文版

    ཉེ་དུས་ཆམ་རིམས་ཐོན་མང་བས། ཀྲུང་གོ་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱི་གཞི་གྲངས་གསར་ཤོས་ལ་གཞིགས་ན། མིག་སྔར་ཆམ་རིམས་ནད་དུག་གདགས་གཤིས་ཐོན་ཚད་མུ་མཐུད་མང་དུ་འགྲོ་བཞིན་ཡོད་པའི་ནང99%ཡན་ནི་ཆམ་རིམས་ཀ་པ་རེད། རྒྱལ་ཡོངས་ཀྱི་ས་གནས་མང་པོ་ཞིག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱིས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ཏེ། དབུགས་ལམ་དང་རྒྱུ་མའི་འགོས་ནད་སྔོན་འགོག་བྱ་རྒྱུར་དོ་སྣང་བྱེད་དགོས་པའི་ཛ་དྲག་དྲན་སྐུལ་བྱས་ཡོད།

   01 རྒྱལ་ཡོངས་སུ་ཆམ་རིམས་ནད་དུག་གདགས་གཤིས་ཐོན་ཚད་མགྱོགས་མྱུར་མང་དུ་ཕྱིན་ཡོད།

ཀྲུང་གོ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པར་གཞིགས་ན། འགོས་ནད་ལྟ་ཞིབ་ཚད་ལེན་སྨན་ཁང་གི་སྒོ་བསྟེན་དང་དོས་དྲག་ཚན་ཁག་ནས་ཞིབ་དཔྱད་ཚད་ལེན་ཐུབ་པའི་གདགས་གཤིས་ནད་ཀྱི་གཞི་རྐྱེན་གཙོ་བོ་ནི་ཆམ་རིམས་ནད་དུག་དང་། མིའི་གློ་བའི་ནད་དུག སྣའི་ནད་དུག་བཅས་ཡིན་པ་དང་། སྨན་ཁང་དུ་བསྡད་ཡོད་པའི་དོས་དྲག་དབུགས་ལམ་གྱི་འགོས་ནད་ཚབས་ཆེན་གྱི་ནད་དཔེའི་ཞིབ་དཔྱད་ཚད་ལེན་ཐུབ་པའི་གདགས་གཤིས་ནད་ཀྱི་གཞི་རྐྱེན་གཙོ་བོ་ནི་ཆམ་རིམས་ནད་དུག་དང་། གློ་ཚད་ཕྲ་གྱེས་གདོད་གཟུགས། མིའི་གློ་བའི་ནད་དུག་བཅས་ཡིན།

དེ་ལས་ཤེས་ཐུབ་པ་ནི། སྒོ་བསྟེན་དང་དོས་དྲག་ཚན་ཁག་གི་ནད་པ་ཡིན་ནའང་འདྲ་ཡང་ན་སྨན་ཁང་དུ་བསྡད་ཡོད་པའི་ནད་པ་ཚབས་ཆེན་ཡིན་ནའང་འདྲ། ཆམ་རིམས་ནི་ནད་ཀྱི་གཞི་རྐྱེན་གཙོ་བོའི་གྲས་ཤིག་རེད།

གང་འདྲ་ཞིག་ལ་ཆམ་རིམས་ཀ་པ་ཟེར། ཆམ་རིམས་ཀ་པ་ཕོག་ཚེ་ནད་རྟགས་གང་དག་ཐོན་སྲིད། ཁྱིམ་དུ་ཆམ་རིམས་ནད་པ་ཐོན་ན་གང་འདྲ་བྱེད་དགོས་སམ། གཤམ་དུ་རེ་རེ་བཞིན་ལན་བཏབ་ཡོད་པས་གཟིགས་རོགས་གནང་།

    02 གང་འདྲ་ཞིག་ལ་ཆམ་རིམས་ཀ་པ་ཟེར།

    ཆམ་རིམས་ཀ་པ་ནི་ཆམ་རིམས་ཀ་པའི་ནད་དུག་ལས་འབྱུང་བའི་དོས་དྲག་རང་བཞིན་གྱི་དབུགས་ལམ་གྱི་འགོས་ནད་ཅིག་ཡིན་ཞིང་། ཆམ་རིམས་ནད་དུག་ལ་ཀ་པ་དང་། ཁ་པ། ག་པ། ང་པ་བཅས་རིགས4དབྱེ་ཡོད་པའི་ནང་ཆམ་རིམས་ཀ་པ་ནི་འགོ་ཤུགས་ཆེ་ཞིང་རྒྱུད་འགྱུར་འབྱུང་སླ་བ་ཞིག་ཡིན་ལ། ཆམ་རིམས་མཆེད་ཐེངས་མང་ཆེ་བ་ནི་ཆམ་རིམས་ཀ་པའི་ནད་དུག་ལས་འབྱུང་བ་ཞིག་རེད།

ཆམ་རིམས་ཀ་པ་འགོས་རྗེས་ཀྱི་མངོན་ཚུལ་གཙོ་བོ་ནི་གློ་བུར་དུ་ཚ་བ་རྒྱས་པ་དང་། རྒྱུན་དུ་གློ་ལུད་པ་དང་། མིད་པ་ན་བ། སྣ་འགག་པ། མིག་ཆུ་བཞུར་བ་སོགས་དབུགས་ལམ་གྱི་ནད་རྟགས་ཐོན་སྲིད་ལ། མགོ་ན་བ་དང་ཤ་གནད་ལ་ཟུག་རྒྱག་པ་སོགས་ལུས་ཡོངས་ལ་མི་བདེ་བ་འབྱུང་བ་དང་། ནད་པ་ཁ་ཤས་ལ་ཕོ་རྒྱུ་མི་བདེ་བའི་སྣང་ཚུལ་ཐོན་སྲིད།

    03 ཆམ་རིམས་ཀ་པ་དང་སྤྱིར་བཏང་གི་ཆམ་ནད་དབར་མི་འདྲ་བ་གང་ཡོད།

    སྤྱིར་བཏང་གི་ཆམ་རིམས།

    སྤྱིར་བཏང་གི་ཆམ་རིམས་ནི་སྣའི་ནད་དུག་སོགས་ནད་ཀྱི་གཞི་རྐྱེན་སྣ་ཚོགས་ལས་འབྱུང་བ་ཞིག་ཡིན་པས། འགོས་ཤུགས་ཆུང་ལ་ནད་ཕོག་སྐབས་དུས་ཚིགས་ཀྱི་ཁྱད་ཆོས་མངོན་གསལ་མེད་ཅིང་། ནད་རྟགས་གཙོ་བོ་ནི་སྣ་འགག་པ་དང་། མིག་ཆུ་བཞུར་བ། ཧབ་སྦྲིད་རྒྱག་པ། གློ་གོག་པ་སོགས་ཡིན་པ་དང་། སྤྱིར་བཏང་དུ་ཚ་བ་མི་རྒྱས་པའམ་ཡང་ན་ཚ་བ་ཆུང་ངུ་ལས་རྒྱས་ཀྱི་མེད་ལ། ལུས་ཡོངས་རང་བཞིན་གྱི་ནད་རྟགས་མེད་པས། ཉིན5ནས7བར་དུ་དྲག་སྐྱེས་ཐུབ་པ་དང་འདུས་ནད་ཐོན་ཚད་ཧ་ཅང་ཉུང་།

ཆམ་རིམས་ཀ་པ།

    དེ་དང་བསྡུར་ན། ཆམ་རིམས་ཀ་པའི་འགོས་ཤུགས་ཆེ་བས་མཆེད་རྒྱ་ཆེ་རུ་འགྲོ་སླ་བ་དང་ནད་ཕོག་པའི་དུས་ཚིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད། ནད་རྟགས་གཙོ་བོ་ནི་ཚ་བ་ཆེན་པོ་རྒྱས་པ་དང་། མགོ་ན་པ། ཐང་ཆད་པ། ལུས་ཡོངས་ཀྱི་ཤ་གནད་ལ་ཟུག་རྒྱག་པ་སོགས་ཡིན། ཆམ་རིམས་ཀ་པར་རང་སོས་རང་བཞིན་ངེས་ཅན་ཞིག་ཡོད་མོད། འོན་ཀྱང་འདུས་ནད་གཞན་དག་སྟེ་གློ་ཚད་དང་། བར་རྣའི་ཚ་ནད། སྙིང་ཤའི་ཚ་ཚད། ཀླད་སྐྱིའི་ཚ་ཚད་སོགས་ཚུད་པའི་འདུས་ནད་ཚབས་ཆེན་ཐོན་སྲིད།

    04 མཱ་པ་ལོ་ཧྲ་ཝེ་དང་ཨའོ་སི་ཐ་ཝེ་གཉིས་ལ་ཁྱད་པར་གང་ཡོད།

    ཆམ་རིམས་ཀ་པ་དང་ཁ་པའི་ནད་དུག་འགོག་པའི་ནུས་པ་ལྡན་པས། མི་མང་པོ་ཞིག་གིས་ཨའོ་སི་ཐ་ཝེ་དེ་ཆམ་རིམས་འགོག་པའི་དམིགས་བསལ་གྱི་སྨན་དུ་བརྩི་གི་ཡོད།

    ཨའོ་སི་ཐ་ཝེ་ཡི་ནུས་པ་གཙོ་བོ་གང་ཡིན། ཨའོ་སི་ཐ་ཝེ་རང་དགར་བཟའ་ཆོག་གམ།

    ཨའོ་སི་ཐ་ཝེ་ནི་ཆམ་རིམས་ཀ་པ་དང་ཁ་པའི་ནད་དུག་འགོག་པའི་གྲུང་གཤིས་ལྡན་པའི་སྨན་རྫས་ཤིག་ཡིན་པས། དེས་འགོས་ནད་ཕོག་པའི་ཕྲ་ཕུང་ཁྲོད་ནས་ནད་དུག་ཐོན་རྒྱུ་ཚོད་འཛིན་ཐུབ་སྟེ་ནད་དུག་མཆེད་ཚད་ཉུང་དུ་གཏོང་ཐུབ། ཆེད་མཁས་པས་བསྟན་དོན། ཨའོ་སི་ཐ་ཝེ་ཡིས་ཆམ་རིམས་ཀྱི་ནད་དུག་རིགས་གཞན་ལ་ཕན་པ་ཐོན་མི་སྲིད་པས། གལ་ཏེ་ཆམ་རིམས་ཀྱི་ནད་རྟགས་ཐོན་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་ལ་བརྟག་དཔྱད་བྱས་རྗེས་གང་མགྱོགས་སྨན་གཏོང་དགོས།

    ཨའོ་སི་ཐ་ཝེ་ལ་ལོ་ཚད་མི་འདྲ་བའི་མི་ཚོགས་དང་འཚམ་པར་བྱ་ཆེད་སྤྱིན་ཐུམ་རིལ་བུ་དང་བསྲེས་དཔྱང་གཤེར་ཁུ་ཚུད་པའི་སྨན་ཚད་མི་འདྲ་བ་ཡོད་པ་སྟེ། ལོ་གཅིག་མན་གྱི་ཕྲུ་གུ་དམར་འབྱར་གྱིས་བསྲེས་དཔྱང་གཤེར་ཁུ་ཁོ་ན་ལས་སྤྱོད་མི་ཆོག ཨའོ་སི་ཐ་ཝེ་ནི་སྨན་ཤོག་དགོས་པའི་སྨན་ཞིག་ཡིན་ཞིང་། དེ་ཆམ་རིམས་ཀ་པ་སྔོན་འགོག་དང་སྨན་བཅོས་བྱེད་པར་སྤྱོད་སྐབས། ངེས་པར་དུ་སྨན་པའམ་སྨན་གཉེར་བཀའ་བཅུ་པའི་མཛུབ་སྟོན་འོག་སྤྱོད་དགོས་པ་ལས་རང་དགར་བཟའ་མི་ཆོག

    05 ཁྱིམ་དུ་ཆམ་རིམས་ཀ་པའི་ནད་པ་ཐོན་ཚེ་གང་འདྲ་བྱེད་དགོས།

    ནད་པ་ཁྱིམ་དུ་བསྡད་ནས་ངལ་གསོ་བརྒྱབ་ན་འགྲིག ཁང་པར་ལོགས་སུ་སྡོད་གང་ཐུབ་བྱས་ནས། ཁང་པའི་རླུང་འགྲོ་ཡག་པོ་རྒྱུན་འཁྱོངས་བྱེད་པ་དང་། མཉམ་དུ་སྡོད་མཁན་ཚོ་འབྲེལ་གཏུག་བྱེད་ཉུང་དུ་གཏོང་གང་ཐུབ་བྱེད་དགོས།

ནད་པས་མི་སྒེར་གྱི་གཙང་སྦྲར་དོ་སྣང་བྱེད་དགོས། དབུགས་ལམ་གྱི་གཙང་སྦྲའི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱེད་དགོས་ལ། གློ་རྒྱག་པ་དང་ཧབ་སྦྲིད་རྒྱག་སྐབས་ཤོག་བུས་ཁ་སྣ་བཀབ་དགོས།

ནད་པ་དང་ནང་མིའི་བདེ་ཐང་གནས་ཚུལ་ལ་ལྟ་ཞིབ་ཡག་པོ་བྱེད་དགོས། ནད་པའམ་ནང་མི་གཞན་ལ་རྒྱུན་མཐུད་ཚ་བ་རྒྱས་ལ། གློ་ཤུགས་ཆེན་རྒྱག་པ་དང་། དབུགས་འབྱིན་རྔུབ་དཀའ་བ། བློ་རིག་མི་གསལ་བ། སྐྱུག་པ། གྲོད་པ་བཤལ་བ་སོགས་ནད་ཚབས་ལྕི་རིགས་ཐོན་ཚེ་དུས་ཐོག་ཏུ་སྨན་པ་བསྟེན་དགོས། ཐག་ཉེ་ས་ནས་ནད་པ་དང་འབྲེལ་འདྲིས་བྱེད་སྐབས་ཁ་རས་རྒྱག་དགོས།

    06 ཆམ་རིམས་ཀ་པ་སྔོན་འགོག་བྱེད་པར་གཙོ་བོ་གཤམ་གསལ་འདི་དག་ལ་དོ་སྣང་བྱེད་དགོས།

    ■མི་སྒེར་གྱི་འགོག་སྲུང་ཡག་པོ་དང་། ཁོར་ཡུག་གཙང་སྦྲ་འཕྲོད་བསྟེན་ཡག་པོ་བྱེད་དགོས།

དུས་རྒྱུན་ལག་པའི་གཙང་སྦྲ་དང་གློ་རྒྱག་སྟངས་སོགས་ཀྱི་གཙང་སྦྲ་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱ་རྒྱུར་དོ་སྣང་བྱེད་དགོས། ཆམ་རིམས་མཆེད་དུས་སུ་མི་ཚོགས་འདུ་སར་མི་འགྲོ་བ་དང་དབུགས་ལམ་གྱི་ནད་རྟགས་ཡོད་པའི་མི་དང་འབྲེལ་འདྲིས་མི་བྱེད་གང་ཐུབ་དགོས། སྡོད་གནས་ལ་དུས་བཀག་ལྟར་གཙང་སྦྲ་དང་རླུང་འགྲོ་ཐུབ་པ་བྱེད་དགོས་པ་དང་། སྒོའི་ཡུ་བ་དང་ལག་སྐྱོར་སོགས་གཙོ་གནད་ཁུལ་དུ་དུས་བཀག་ལྟར་གཙང་སྦྲ་དང་དུག་སེལ་བྱེད་དགོས། མི་ཚོགས་འདུ་ས་དང་ཡང་ན་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་སྐབས། ནད་པ་དང་ནད་གཡོག་གིས་ཁ་རས་ཡག་པོ་བརྒྱབ་ནས་ཕན་ཚུན་མི་འགོས་པར་བྱེད་དགོས། ལྷག་པར་དུ་རྒན་རྒོན་ཚོ་རླུང་འགྲོ་ཡག་པོ་མེད་པའི་མི་ཚོགས་འདུ་སར་མི་འགྲོ་བ་དང་ཕྱིར་འགྲོ་སྐབས་ཁ་རས་རྒྱག་པའི་གོམས་གཤིས་བཟང་པོ་འཇགས་དགོས།

    ■རྒྱུན་གཏན་གྱི་འཚོ་བཅུད་ལ་དོ་སྣང་དང་། བདེ་ཐང་གི་འཚོ་བ་རྒྱུན་འཁྱོངས་བྱེད་དགོས།

བཟའ་བཏུང་གི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱས་ནས་འཚོ་བཅུད་གསབ་པ་དང་། གཉིད་འདང་ངེས་དང་ངལ་རྩོལ་ཟུང་འབྲེལ་བྱེད་པ། སྦྱོང་བརྡར་རྒྱུན་འཁྱོངས་བྱས་ཏེ་གཟུགས་གཞི་ཡག་ཏུ་གཏོང་བ། སེམས་ཁམས་ཞི་ལྷོད་དང་སྤྲོ་སྣང་ལྡན་པར་བྱེད་དགོས།

    ■ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་གང་མགྱོགས་རྒྱག་དགོས། 

    དེ་ནི་ཆམ་རིམས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་ཐབས་གཙོ་བོའི་གྲས་ཤིག་ཡིན་ཞིང་། ཆམ་རིམས་མཆེད་པའི་དུས་ཚིགས་ཀྱི་སྔོན་ལ་མི་ཚོགས་ལ་ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཚེ། རིམས་འགོག་སྨན་ཁབ་རྒྱག་མཁན་ལ་ཆམ་རིམས་འགོས་ཉེན་ཉུང་དུ་འགྲོ་བའམ་ཡང་ན་ཆམ་རིམས་ཀྱི་ནད་རྟགས་ཆུང་དུ་གཏོང་ཐུབ།