ནད་ཕོག་མ་ཐག་རམས་རྩ་ཟོས་ན་འགྲིག་གམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-15   རྩོམ་ཁུངས།    青海藏文法治报

        ཉེ་ཆར། རང་ལོ40ལ་སླེབས་པའི་སྐུ་ཞབས་ཀྲང་ལགས་ལུས་ཤུགས་ཟད་པ་དང་ཁ་སྐོམ་པ་སོགས་ཀྱི་རྐྱེན་པས་སྨན་ཁང་དུ་བསྐྱལ་བ་རེད། སྨན་ཁང་དུ་བསྡད་རྗེས། ཁོ་ལ་རིམ་བཞིན་དྲན་པ་གསལ་པོ་མེད་པ་སོགས་ཀྱི་ནད་རྟགས་ཐོན་ཞིང་། སྨན་པས་དུས་ཐོག་ཏུ་སྨན་བཅོས་བྱས་པ་བརྒྱུད། སྐུ་ཞབས་ཀྲང་ལགས་ཀྱི་ཚེ་སྲོག་ལུས་རྟགས་གཞི་ནས་བརྟན་པོ་བྱུང་། གནས་ཚུལ་དེའི་རྒྱུ་རྐྱེན་གཙོ་བོ་ནི་རམས་རྩ་སྟེ་རྒྱ་སྐད་དུ“板蓝根”ཞེས་པ་ཤོག་ཆག་བརྒྱད་ཟོས་པ་ལས་བྱུང་བ་རེད། མིག་སྔར། དབུགས་ལམ་གྱི་ནད་རིགས་མང་པོ་ཞིག་ཐོན་མང་བའི་དུས་ཡིན་པས། མི་མི་ཉུང་བ་ཞིག་གིས་རང་འགུལ་ངང་རམས་རྩ་བསྟེན་ནས་སྔོན་འགོག་བྱེད་བཞིན་ཡོད། འོ་ན། འདི་ལྟར་བྱས་ན་ཕན་ཐོགས་དངོས་ཐོན་སྲིད་དམ། རམས་རྩ་ཟ་བར་དོ་སྣང་བྱ་དགོས་ས་ཅི་ཞིག་ཡོད།

        རམས་རྩས་ནད་པའི་དྲན་པ་ཐོར་དུ་འཇུག་དོན་གང་ཡིན།

        མ་གཞི་སྐུ་ཞབས་ཀྲང་ལགས་ལ་གཅིན་པ་མངར་འགྱུར་གྱི་ནད་དང་ཁྲག་ཤེད་མཐོ་བའི་ནད་ཀྱི་ལོ་རྒྱུས་ཡོད་མོད། འོན་ཀྱང་ཁོས་དུས་རྒྱུན་དུ་སྨན་པའི་བཀའ་ལྟར་ཚད་ལྡན་གྱི་ཁྲག་མངར་གཅོག་པའི་སྨན་བཅོས་མི་བྱེད་པར་མ་ཟད། རང་འགུལ་ངང་ཁྲག་ཤེད་གཅོག་པའི་སྨན་སྤྱོད་མཚམས་བཞག་ཡོད། ནད་མ་ཕོག་པའི་ཉིན་གོང་མའི་དགོང་ཟས་རྗེས། སྐུ་ཞབས་ཀྲང་ལགས་ལ་ཕོ་བ་སྦོས་ཤིང་སྦུག་སུབ་ཐེབས་པའི་སྣང་ཚུལ་ཐོན། ཉིན་གཉིས་པའི་ཞོགས་པར་ཇེ་བདེ་རུ་འགྲོ་ཆེད་ཁོས་རམས་རྩ་ཤོག་ཆག་བརྒྱད་ཚང་མ་ཟོས་པ་རེད། ཕྱི་དྲོ་ཕྱིར་ཐོན་དུས། སྐུ་ཞབས་ཀྲང་ལགས་ཀྱི་སྦུག་སུབ་ཐེབས་པའི་གནས་ཚུལ་ཇེ་སྡུག་ཏུ་སོང་བ་དང་། ཁ་སྐམ་ཞིང་ཆུ་འཐུང་ནའང་ཞི་འཇགས་སུ་ཕྱིན་མེད་སྟབས། དེ་རྗེས་ཁོ་སྨན་ཁང་དུ་སྨན་བཅོས་བྱེད་པར་སླེབས་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། སྐུ་ཞབས་ཀྲང་ལགས་ལ་གཅིན་པ་མངར་འགྱུར་གྱི་ནད་ལ་ཐུམ་རིགས་སྐྱུར་དུག་ཕོག་ནས་དྲན་པ་ཐོར་བ་དང་། ཁྲག་ཤེད་མཐོ་བའི་རིམ་པ་གསུམ་པའི་ནད་རྟགས་བཅས་ཡོད། སྨན་བཅོས་བྱས་པ་བརྒྱུད་སྐུ་ཞབས་ཀྲང་ལགས་ཉེན་ཁ་ལས་ཐར་བ་རེད། སྨན་པས་ངོ་སྤྲོད་བྱས་པར་གཞིགས་ན། སྨན་རྫས་ཀྱི་བྲོ་བ་ཇེ་ལེགས་སུ་གཏོང་ཆེད། ཁྲོམ་རའི་ཐོག་གི་ཀྲུང་ལུགས་སྨན་ཁག་ཅིག་ནང་བུ་རམ་གྱི་གྲུབ་ཆ་ཡོད་པར་མ་ཟད། དེའི་འདུས་ཚད་མཐོ་བས་གཅིན་པ་མངར་འགྱུར་གྱི་ནད་ཕོག་མཁན་གྱིས་ཟོས་ན་འཚམ་པོ་མེད། སྐུ་ཞབས་ཀྲང་ལགས་ལ་གཅིན་པ་མངར་འགྱུར་གྱི་ནད་དང་ཁྲག་ཤེད་མཐོ་བའི་ནད་ཡོད་པས། རམས་རྩ་ཤོག་ཆག་བརྒྱད་ཟོས་རྗེས། ཁོ་ལ་དུས་ཐུང་ནང་མངར་ཆ་མང་པོ་ཟོས་པས། གཅིན་པ་མངར་འགྱུར་ནད་ལ་ཐུམ་རིགས་སྐྱུར་དུག་ཕོག་པ་རེད། འོན་ཀྱང་སྐུ་ཞབས་ཀྲང་ལགས་ཀྱིས་སྔོན་ལ་རང་དགར་སྨན་ཟ་མཚམས་བཞག་པ་དང་། ཁྲག་མངར་ལ་ཞིབ་བཤེར་མི་བྱེད་པ་དང་བཟའ་བཏུང་ལ་ཚོད་འཛིན་མ་བྱེད་པ། སྨན་བཀོལ་སྟངས་སོགས་ལ་ཆོས་ཉིད་མ་བརྒྱུད་པར་ཁྲག་མངར་གློ་བུར་ཡར་འཕར་བར་མངོན་མེད་རྐྱེན་ངན་བཟོ་གི་ཡོད། 

        རམས་རྩ་ནི་དངོས་གནས་ནུས་པ་ཀུན་འཛོམས་ཀྱི་ཆམ་པའི་སྨན་ཞིག་ཡིན་ནམ།
        ཀྲུང་ལུགས་གསོ་རིག་ལྟར་ན། རམས་རྩ་ནི་རྩ་གཤིས་གྲང་བ་དང་ཚ་བ་དང་དུག་སེལ་བ། ཁྲག་བསིལ་དུ་གཏོང་ནུས་པ་དང་མིད་པར་ཕན་པ། དེང་རབས་ཀྱི་ཞིབ་འཇུག་ཁྲོད་དུ་རམས་རྩར་སྐྱེ་ལྡན་སྐྱུར་དང་སྐྱེ་དངོས་བུལ་ཨན་གཞི་སྐྱུར། ཧོང་ཐུང་སོགས་འདྲེས་སྦྱོར་དངོས་རྫས་ཡོད་པ་དང་། དེ་དག་ལ་འབུ་ཕྲ་འགོག་པ་དང་ནད་དུག་འགོག་པ། ཚ་ནད་སེལ་བ། སྐྲངས་པ་སེལ་བ་བཅས་ཀྱི་ནུས་པ་ལྡན། ཡིན་ནའང་སྔོན་ལ་ཆམ་པའི་སྨན་ཟོས་ནས་དབུགས་ལམ་གྱི་ནད་གཞི་འགོག་པ་ནི་ནོར་འཁྲུལ་རེད། སྨན་པས་ངོ་སྤྲོད་བྱས་པར་གཞིགས་ན། རམས་རྩ་སོགས་ཆམ་པའི་སྨན་གྱིས་ནད་གཞི་ཇེ་ཡང་དུ་གཏོང་ཐུབ་པ་ལས་ནད་འགོག་མི་ཐུབ། སྨན་པས་དྲན་སྐུལ་བྱས་པ་ལྟར་ན། ལོ་ལོན་དང་རིམས་འགོག་ནུས་པ་ཞན་པ། དལ་བའི་རང་བཞིན་གྱི་ནད་པ་བཅས་ཀྱིས་དགུན་ཁར་ཆམ་པ་དང་གློ་རྒྱག་པར་སྔོན་འགོག་བྱ་དགོས། དབུགས་ལམ་གྱི་འགོས་ནད་ལ་དམིགས་ནས་སྔོན་འགོག་བྱེད་པའི་ཐབས་ཤེས་ཡག་ཤོས་ནི་ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་བ། རླུང་རྒྱུ་རུ་འཇུག་པ་བཅས་ཡིན། དེ་མིན་སྦྱོང་བརྡར་མང་ཙམ་བྱས་ཏེ་གཉིད་ལོག་པ་དང་བཟའ་བཏུང་དོ་སྙོམ་ཡོང་བར་བྱས་ཏེ་ནད་འགོག་གི་ནུས་པ་ཇེ་མཐོར་གཏང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།
        ནད་གང་འདྲ་ཞིག་ལ་རམས་རྩ་ཟ་ཆོག་གམ།
        གལ་ཏེ་ཆམ་པ་ཕོག་པ་དང་མིད་པ་སྐམ་པ། མིད་པ་ན་བ་བཅས་ཀྱི་ནད་རྟགས་ཐོན་ཚེ། ལན་ཧྭ་ཆིང་ཝེན་དང་རམས་རྩ། ཧྲོང་ཧོང་ལན་སོགས་ཚ་སེལ་དུག་འཇོམས་ཀྱི་སྨན་རྫས་འོས་འཚམ་སྤྱོད་ཆོག གལ་ཏེ་མིད་པ་ན་བ་ལས་གཞན་ད་དུང་གྲང་བར་སྐྲག་པ། ཚ་རྒྱས་པ། མགོ་ན་བ། ལུད་པ་དཀར་བ། སྣ་ཆུ་བཞུར་བ་སོགས་ཆམ་ནད་ཀྱི་ནད་རྟགས་ཐོན་ན། གོང་གི་སྨན་རྫས་དེ་དག་སྤྱོད་མི་རུང་། གལ་ཏེ་རང་གི་ཆམ་ནད་ཀྱི་རིགས་གང་ཡིན་མི་ཤེས་པའམ་ཡང་ན་སྨན་ཟོས་རྗེས་ནད་རྟགས་ཇེ་ལེགས་སུ་མ་སོང་ཚེ། དུས་ཐོག་ལ་སྨན་པ་བསྟེན་དགོས་པ་ལས་རང་འདོད་ཀྱིས་སྨན་བརྗེ་མི་རུང་བར་མ་ཟད། རང་དགར་སྨན་མཉམ་བསྲེས་བྱས་ནས་ཟ་མི་རུང་།
        རམས་རྩ་ཟ་དུས་དོ་སྣང་གང་འདྲ་བྱ་དགོས།
        རྒྱུན་དུ་རམས་རྩ་དེ་སྔོན་འགོག་གི་སྨན་དུ་སྤྱོད་མི་རུང་། སྨན་རྫས་ཀྱི་གསལ་བཤད་ཡི་གེ་ལྟར་གཟབ་ནན་ངང་སྤྱོད་དགོས། ཕྲུ་གུའི་མཚེར་བ་དང་ཕོ་བའི་ནུས་པ། ད་དུང་བདེ་ཐང་མིན་པའི་མི་སྣས་རྒྱུན་དུ་རམས་རྩ་སྤྱད་ན་འཇུ་སྟོབས་ཞན་པ་སོགས་ཀྱི་ནད་རྟགས་ཐོན་སྲིད། སྦྲུམ་མ་དང་གཅིན་པ་མངར་འགྱུར་གྱི་ནད་ཡོད་པའི་ནད་པས་སྨན་མ་སྤྱད་གོང་སྨན་པར་སྐད་ཆ་འདྲི་དགོས། བདེ་ཐང་མི་སྣས་ཀྱང་དུས་ཐུང་ངམ་ཡང་ན་དུས་ཡུན་རིང་པོའི་ནང་རམས་རྩ་སྤྱོད་མི་རུང་། རམས་རྩའི་རང་བཞིན་ནི་གྲང་བའི་རང་བཞིན་ཡིན་པས། རྒྱུན་པར་སྤྱད་ཚེ་མཚེར་བ་དང་ཕོ་བར་གནོད་ལ། ཁོག་པ་བཤལ་བ་དང་འཇུ་སྟོབས་ཞན་པ་བཅས་ཀྱི་ནད་རྟགས་ཐོན་སྲིད།