མགོ་ན་བའི་ནད་རྟགས་འདི་དག་ལ་དོགས་ཟོན་གྱིས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-17   རྩོམ་ཁུངས།    中央广播电视总台藏语

རྣམ་ཀུན་འཚོ་བའི་ཁྲོད། མི་མང་པོ་ཞིག་གིས་མགོ་ན་དུས་སྡུག་རུས་བྱས་ནས་སྡོད་རྐྱང་བྱེད་ཅིང་། ན་ཚ་དེ་ནི་ཧ་ཅང་ཉག་ཕྲ་བ་ཞིག་ཏུ་འདོད་ནས་སྣང་བ་གཏོང་གི་མེད།  དོན་དམ་དུ་མགོ་ན་བ་ནི་ནད་རིགས་མང་པོ་འབྱུང་བའི་ཉེན་བརྡ་ཞིག་ཡིན་པས། གཤམ་ལ་ང་ཚོ་མཉམ་དུ་དེའི་སྐོར་གྱི་ཤེས་བྱ་ཁག་ལ་རྒྱུས་ལོན་ཞིག་བྱེད་དོ།

གཅིག མགོའི་ན་ཚ་འདི་དག་ལ་སྡུག་རུས་དང་སྣང་ཆུང་མ་བྱེད།
1 མགོ་ན་བ་དང་མཉམ་དུ་ཚ་བ་རྒྱས་ན།

 ཆམ་པ་བརྒྱབ་ནས་ཚ་བ་རྒྱས་ཚེ། ཁྲག་གི་འཁོར་རྒྱུན་ཇེ་མགྱོགས་སུ་འགྲོ་བ་དང་ཁྲག་རྩ་རྒྱ་བསྐྱེད་ཕྱིན་ནས་མགོ་ན་སླ་པོ་ཡོད།  དེ་ནི་རྒྱུན་མཐོང་གི་འགོས་ཁྱབ་རང་བཞིན་གྱི་མགོ་ན་བའི་ནད་རྟགས་ཤིག་རེད། སྤྱིར་བཏང་དུ་ལུས་དྲོད་ཇེ་དམའ་རུ་སོང་ནས་རྒྱུན་ལྡན་དུ་སླེབས་སྐབས་མགོའི་ན་ཚ་ཆུང་དུ་འགྲོ་ངེས།  གལ་ཏེ་ཚ་བ་རྒྱས་སྐབས་མགོ་ལ་ན་ཟུག་ཆེན་པོ་བཏང་ནས་སྡུག་རུས་བྱེད་དཀའ་བ་དང་། ལྷག་པར་དུ་དེ་དང་མཉམ་དུ་མཇིང་པ་རེངས་ཤིང་ཉོབ་ཏོ་ཆགས་པ་སོགས་ཀྱི་ནད་རྟགས་ཐོན་པ་དང་སྦྲགས།  ལུས་དྲོད་རྒྱུན་ལྡན་དུ་མར་ཆག་ཀྱང་མགོ་སྔར་བཞིན་ཤུགས་ཆེན་པོ་ན་བ་ཡིན་ན། ཀླད་ཚད་ཕོག་ཡིན་མིན་ལ་བསམ་བློ་གཏོང་དགོས།

2 མགོ་ན་བ་དང་མཉམ་དུ་དབང་རྩར་རྨས་སྐྱོན་ཤོར་ན། 

   གལ་ཏེ་མགོ་ན་བ་དང་ཆབས་ཅིག་ཚོར་སྣང་འགོར་བ་དང་། མཐོང་ལམ་མི་གསལ་བ། སྐད་ཆ་དབ་དིབ།  ཟ་མ་མིད་དཀའ་བ། རྐང་ལག་སྦྲིད་ནས་ཤུགས་ཟད་པ།  ལུས་པོ་འཁུམ་འདར་བྱེད་པ་སོགས་ཀྱི་ནད་རྟགས་ཁྲོད་ནས་རིགས་གཅིག་གམ་འགའ་ཤས་ཡོད་ན། ཐོད་པའི་ནང་གི་ནད་འགྱུར་ལ་དོགས་ཟོན་བྱེད་དགོས། མགོ་ཕྱེད་ན་བ་དང་མིག་སྐྲངས་ནས་ན་ཟུག་བཏང་ཚེ།  སྔོ་གྲིབ་མིག་ནད་ཕོག་ཡོད་མིན་ལ་དོགས་ཟོན་བྱེད་དགོས།  གལ་ཏེ་མིག་འབྲས་ཀྱི་གནོན་ཤུགས་མཐོ་དྲགས་ནས་དུས་ཐོག་ཏུ་བཅོས་ཐབས་མ་བྱས་ན་མིག་ལོང་བར་འགྱུར་བའི་ཉེན་ཁ་ཆེ།

3 མགོ་ལ་བཟོད་དཀའ་བའི་ན་ཟུག་ཚད་མེད་བཏང་ན།   

གལ་ཏེ་མགོ་ལ་སྔར་བྱུང་མྱོང་མེད་པའི་བཟོད་དཀའ་བའི་ན་ཟུག་དྲག་པོ་བཏང་ནས་མགོ་མེ་རི་བཞིན་འབར་གས་བྱེད་མ་ཡོང་ངམ་སྙམ་པ་བྱུང་ཚེ། གནས་ཚུལ་དེར་སྣང་ཆུང་གཏན་ནས་བྱེད་མི་རུང་བར་འཕྲལ་དུ་སྨན་པ་བསྟེན་དགོས། གང་ཡིན་ཟེར་ན།  དེ་ནི་དབང་རྩའི་ཚན་ཁག་གི་ཚབས་ཆེ་བའི་ནད་རྟགས་ཏེ་སྡོམ་དྲའི་སྐྱི་འོག་ཁོག་ནས་ཁྲག་ཐོན་པའི་ཐོག་མའི་མངོན་ཚུལ་ཡིན་པས། མི་འཆི་ཚད་ཧ་ཅང་མཐོ་པོ་ཡོད།  

4 མགོ་ན་བ་མ་ཟད་རིམ་བཞིན་ཚབས་ཇེ་ཆེར་ཕྱིན་ན།

 གལ་ཏེ་ཡུན་རིང་པོར་མགོའི་ན་ཚ་ཞི་འཇགས་སུ་མ་སོང་བར་དེ་ལས་ལྡོག་ཏེ་རིམ་བཞིན་ན་ཚ་ཇེ་སྡུག་ཏུ་སོང་ན།  ཀླད་པའི་སྐྲན་ནད་ཡོད་མེད་ལ་དོགས་ཟོན་བྱེད་དགོས།

5 མགོ་ན་མྱོང་མེད་པའི་མི་གློ་བུར་དུ་མགོ་ན་བ་ཡིན་ན།

མགོ་ན་མྱོང་མེད་པའི་མིར་གློ་བུར་དུ་མགོ་གཅིག་པུ་ན་བའི་ནད་རྟགས་ཐོན་པ་དང་།  རྒྱུན་མཐུད་ན་ཚ་ཆུང་དུ་མི་འགྲོ་བའི་སྣང་ཚུལ་ཐོན་པའམ་ཡང་ན་མགོ་ཐོག་མར་ན་མཁན་གྱི་ན་ཚོད་ལོ་50ལས་ཆེ་བ་ཡོད་པ་ཡིན་ན། གནས་ཚུལ་དེ་གལ་པོ་ཆེར་བརྩིས་ནས་མྱུར་དུ་སྨན་བཅོས་བྱེད་དགོས།

གཉིས། མགོ་ན་མ་ཐག་ལམ་སེང་སྨན་བཟའ་མཁན་ཚོས་ཡིད་གཟབ་བྱེད་དགོས་པ།

མི་མང་པོ་ཞིག་གིས་མགོ་ན་མ་ཐག་ལམ་སེང་སྨན་བཟས་ནས་ན་ཟུག་འཇགས་ཐབས་བྱེད་ཀྱི་ཡོད།  སྨན་པས་དྲན་སྐུལ་བྱས་པ་ལྟར་ན། གལ་ཏེ་སྨན་རྫས་ཚད་ལས་བརྒལ་བ་བཟས་ན་སྨན་རྫས་མང་དྲག་པའི་རང་བཞིན་གྱི་མགོ་ན་སྲིད།

1 སྐུལ་རྩིའམ་ཙའི་ཐེས་རིགས་མ་ཡིན་པའི་གཉན་འགོག་སྨན་རྫས་ཏུའེ་དབྱི་ཞན་ཨན་ཅི་ཧྥུན་(非甾体消炎药对乙酰氨基酚)བཟའ་ཚད་ཟླ་རེར་ཉིན་15ལས་བརྒལ་མི་ཆོག

2 ཧྥུའུ་ཧྥང་ན་ཟུག་འཇོམས་པའི་སྨན་(复方止痛药)བཟའ་ཚད་ཟླ་རེར་ཉིན་བཅུ་ལས་བརྒལ་མི་ཆོག

3 ཆུས་ཕུའུ་ཐན་རིགས་ཀྱི་སྨན་རྫས་(曲普坦类药物བཟའ་ཚད་ཟླ་རེར་ཉིན་བཅུ་ལས་བརྒལ་མི་ཆོག

གལ་ཏེ་མགོ་ཡང་ཡང་ན་བའི་གནད་དོན་ཡོད་ཚེ། ཟླ་རེར་མགོ་ན་བའི་ཐེངས་གྲངས་དང་ཟླ་རེར་ན་ཟུག་གཅོག་པའི་སྨན་རིལ་ག་ཚོད་ཟོས་པའི་སྐོར་ལུགས་མཐུན་གྱིས་ཟིན་ཐོར་འགོད་དགོས། ཚད་གཞི་དེ་དག་ནི་ནད་ཐོག་མགོ་ན་བར་སྨན་བཅོས་བྱེད་མཁན་སྨན་པས་སྔོན་འགོག་ཇུས་གཞི་བཟོ་བར་ཕན་ཐོགས་ཆེ།

 གསུམ། མགོ་ཕྱེད་ན་བའི་ནད་གཞི་སློང་རྐྱེན།

མགོ་ཕྱེད་ན་བའི་ནད་ནི་རྒྱུན་མཐོང་གི་མགོ་ནད་ཅིག་རེད། བུད་མེད་ལ་ནད་དེ་འབྱུང་ཚད་ཧ་ཅང་མཐོ་ཞིང་མང་ཆེ་བ་ལང་ཚོ་དར་བའི་དུས་སྐབས་སུ་འབྱུང་སྲིད། ཟླ་མཚན་ནི་ནད་གཞི་དེ་སློང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། མངལ་ཆགས་པའམ་ཡང་ན་ཟླ་མཚན་ཆད་པའི་དུས་སུ་ནད་དེ་ཇེ་ཉུང་དུ་འགྲོ་བ་དང་ཐ་ན་རྦད་དེ་མཚམས་འཇོག་བྱེད་སྲིད།    མགོ་ཕྱེད་ན་བའི་དཔེ་མཚོན་གྱི་ནད་རྟགས་ལ་མགོ་བོའི་གཞོགས་གཅིག་དང་གཉིས་ཀ་ན་བ། འཕར་འགུལ་རང་བཞིན་གྱི་ན་ཟུག་བྱུང་བ། སྐྱུག་མེར་ལངས་བ་དང་སྐྱུག་པ་སྐྱུགས་པ། འོད་དང་སྒྲ་ལ་སྐྲག་པ་སོགས་ཚུད་ཡོད། ནད་པ་20%ནས་30%ལ་ནད་མ་ཕོག་གོང་ལ་མཐོང་ཚོར་གྱི་སྔ་ལྟས་འབྱུང་སྲིད་དེ།  དཔེར་ན། འོད་འཚེར་བའམ་མཐོང་ལམ་ཆ་མི་ཚང་བ་འབྱུང་བ་ལྟ་བུ་རེད།  སྔ་ལྟས་དེ་རིགས་སྐར་མ་5ནས་ཆུ་ཚོད་1བར་རྒྱུན་མཐུད་བྱེད་ངེས་ཤིང་། ཚབས་ཆེ་དུས་ནད་པའི་རྒྱུན་ལྡན་གྱི་འགུལ་སྐྱོད་ལ་ཤུགས་རྐྱེན་ཐེབས་སྲིད། མགོ་ཕྱེད་ན་བའི་ནད་གཞི་སློང་རྐྱེན་ལ་གཉིད་མི་འདང་བ་དང་། བཟའ་འཐུང་མ་འཕྲོད་པ། ཀོག་ཧྥེ་དང་། ཅོག་ལེ། ཚྭ་མང་ཟས་རིགས་དང་ཆང་བཅུད་འཇུ་ལེན་བྱས་པ་དྲོད་ཚད་ཀྱི་འགྱུར་ལྡོག་དང་གནོད་ཤུགས་ཆེ་དྲགས་པ་སོགས་ཚུད་ཡོད།  

བཞི། མགོའི་ན་ཚ་ཞི་ལྷོད་དུ་གཏོང་ཐབས་ཁག་གཉིས།
1 སྔོ་སྤྲིན་དམན་པ་དང་ར་མོ་ཤག་ཆེན་川芎配天麻སྦངས་ནས་འཐུང་དགོས།  

   མགོ་ཕྱེད་ན་བའམ་ཁྲག་རྩའི་རང་བཞིན་གྱི་མགོ་ན་བ་ཡིན་ན་སྔོ་སྤྲིན་དམན་པ་ཁེ་8དང་ར་མོ་ཤག་ཆེན་ཁེ་2ཞིབ་ཞིབ་བཟོས་ནས་མཉམ་དུ་ཆུ་ལ་སྦངས་ཏེ་ཇའི་ཚབ་ཏུ་བཏུངས་ན། མགོ་བོའི་ན་ཚ་ཞི་ལྷོད་དུ་གཏོང་ཐུབ། སྔོ་སྨན་དེ་གཉིས་གོང་གསལ་གྱི་བསྡུར་ཚད་གཞིར་བཟུང་ཉ་མགོའི་ཐང་ནང་བླུགས་ནས་བསྐོལ་ཏེ་བཏུངས་ན་མགོ་ནད་སེལ་བར་ཕན་ཐོགས་ཆེ།  

2 གསང་མིག་ལ་ཕུར་མཉེད་གཏོང་དགོས།

 མགོ་ན་སྐབས་མཛུབ་མོས་སྨིན་དབྲག་གསང་མིག་(印堂)ནས་མགོ་བརྩམས་ཏེ། དཔྲལ་ཐོད་གྱི་སྐྲ་མཚམས་ནས་ཉི་མའི་གསང་མིག་(太阳穴)བར་ཡར་མར་འཕུར་མཉེད་ཐེངས་3ནས་4བར་གཏོང་དགོས། དེ་ནས་མཛུབ་མོ་ལྔ་ཡིས་གསང་གནས་སྟེང་དུ་འགྲོས་སྟབས་རང་བཞིན་གྱིས་བཙིར་གནོན་བྱས་ནས་མགོ་ནས་སྐེ་བར་ཡར་མར་ཕུར་མཉེད་ཐེངས་4ནས་5བར་གཏོང་དགོས།  གསང་མིག་འདི་གཉིས་ལ་འཕུར་མཉེད་བཏང་ན་རྩ་ལམ་བཤངས་པ་དང་། རླུང་ཁྲག་སྙོམས་སྒྲིག་བྱེད་པའི་ནུས་པ་ཐོན་ནས་མགོ་ན་བ་དང་མགོ་ཡུ་འཁོར་བ་ཇེ་ཆུང་དུ་གཏོང་ཐུབ་བོ།