ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-17   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་15ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ལོ་རྙིང་ཕར་ལ་བསྐྱལ་ཞིང་ལོ་གསར་ཚུར་ལ་བསུ་བ་དང་ཀྲུང་གོ་དང་ཝེ་ཐེ་ནམ་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་མཚམས་འདིར་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་སུའུ་ལིན་དང་ཁ་པར་ཐོག་ནས་གླེང་མོལ་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ན་ནིང་ཟླ་8པར། ཁྱེད་རང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་སྐབས། ངེད་གཉིས་ཀྱིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་སྤེལ་རེས་ཟབ་མོ་བྱས་པ་དང་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཀྱང་བྱུང་ཡོད། ལོ་ཕྱེད་རིང་། ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་སྡེ་ཚན་ཁག་དང་ས་གནས་ཁག་གིས་དོན་འཁྱོལ་ལ་དམ་འཛིན་ཧུར་ཐག་བྱས་པས་ངེད་ཚོས་གྲོས་ཐག་བཅད་པའི་མཉམ་ལས་དོན་ཚན་ལ་འཕེལ་རིམ་ཡག་པོ་བྱུང་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་ཞིག་ཡིན་ལ། ཝེ་ཐེ་ནམ་གུང་ཁྲན་ཏང་གིས་ཚོགས་ཆེན་བཅུ་བཞི་པ་གྲ་སྒྲིག་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་ངོས་ནས་བརྗོད་ན། འཛིན་སྐྱོང་སྤེལ་གསུམ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཕྱོགས་གཉིས་པོས་ཏང་དར་རྒྱས་དང་ཏང་སྟོབས་ཆེར་རྒྱུན་མཐུད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དེ་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཁྲོད་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས། མཐོ་རིམ་འགྲོ་འོང་གི་ཆབ་སྲིད་ཀྱི་སྣེ་ཁྲིད་སྟོན་ནུས་པ་གང་ལེགས་བཏོན་ཏེ་མུ་མཐུད་འགྲོ་འོང་དམ་ཟབ་རྒྱུན་མཐུད་བྱེད་དགོས། གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་པོ་ཐོབ་པར་སྐུལ་འདེད་གཏོང་བ་དང་། ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་མྱུར་པོ་གཏོང་བ། ལག་གདང་སྦྲེལ་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མའི་མཉམ་ལས་ཀྱི་རྩེར་སོན་ལས་སྟེགས་སྐྲུན་པ་བཅས་བྱས་ཏེ། བརྟན་ལྷིང་དང་ཤར་བགྲོད་ཀྱི་རྒྱལ་སྒྲོལ་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གཏོད་དགོས། དམངས་སེམས་གཅིག་སྦྲེལ་དང་། དྲོ་སྐྱིད་ལྡན་པ། དམངས་དང་འབྲེལ་འདྲིས་ཀྱི་མི་ཆོས་རིག་གནས་ཀྱི་སྤེལ་རེས་བྱས་ཏེ། གསར་འགྱུར་དང་། རིག་གནས་དང་ཡུལ་སྐོར། ས་གནས། གཞོན་ནུ་ལོ་ཆུང་བཅས་ཁྱབ་ཁོངས་ཁག་གི་འགྲོ་འོང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། དམངས་སེམས་འདུ་འགོད་དེ་བས་མང་བ་གཏོད་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་རོགས་ལས་ལ་ཤུགས་སྣོན་བརྒྱབ་ཏེ། རྒྱལ་སྤྱིའི་དྲང་གཞག་བདེན་སྐྱོང་ལ་སྲུང་སྐྱོབ་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་འཛུགས་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གསུམ་པ་འཚོགས་ཚུན། ཝེ་ཐེ་ནམ་གུང་ཁྲན་ཏང་གིས་ཝེ་ཐེ་ནམ་གྱི་མི་དམངས་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཕྱོགས་མང་པོའི་དཀའ་ངལ་དང་འགྲན་སློང་ཁྱད་བསད་བྱས་ནས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་གསར་བཅོས་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། བློ་མཐུན་སུའུ་ལིན་གྱིས་གཙོ་བོ་གནང་བའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཝེ་ཐེ་ནམ་གྱི་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱིས་ཚོགས་ཆེན་བཅུ་བཞི་པར་བསུ་བ་ཞུ་བ་དང་ཚོགས་ཆེན་བཅུ་བཞི་པ་ཡག་པོ་འཚོག་རྒྱུར་དམིགས་ཏེ། ཝེ་ཐེ་ནམ་གྱི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།

    སུའུ་ལིན་གྱིས་དང་ཐོག་ཀྲུང་གོའི་བོད་ལྗོངས་སུ་ས་ཡོམ་བརྒྱབ་ནས་མི་སྣ་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་། ཁོང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག ཀྲུང་གོས་ས་ཡོམ་ལས་བྱུང་བའི་གནོད་འཚེ་གང་མགྱོགས་ཁྱད་བསད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་ཝེ་ཐེ་ནམ་གྱིས་སྙིང་ཐག་པ་ནས་ཡི་རངས་ཞུ་ཡི་ཡོད་ལ་ཀྲུང་གོས་དཔལ་འབྱོར་གྱི་གཞི་ཁྱོན་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སོགས་ཀྱི་ལེགས་ཆར་བརྟེན་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ཆེ་བ་རྒྱུན་ཆད་མེད་པར་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་ཧུར་ཐག་ཞུ་གི་ཡོད་པ་མ་ཟད། སྒྲོམ་གཞི་དེའི་འོག་ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། འདས་ཟིན་པའི་ལོ་གཅིག་ནང་། ཝེ་ཐེ་ནམ་གྱི་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཀུན་སེམས་གཅིག་སྒྲིལ་བྱས་ཏེ་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་ཁྱད་བསད་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་ཡོད། ཝེ་ཐེ་ནམ་གྱིས་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པ་གྲ་སྒྲིག་བྱ་རྒྱུ་དམིགས་ཚད་ལ་འཛིན་ཏེ། དམངས་ཕྱུག་དང་། རྒྱལ་འབྱོར། དམངས་གཙོ། དྲང་གཞག ཤེས་དཔལ་བཅས་ཁྱད་ཆོས་སུ་བྱས་པའི་འཕེལ་རྒྱས་ཀྱི་སྲིད་ལོ་གསར་པའི་ཕྱོགས་སུ་བསྐྱོད་རྒྱུ་དང་། དེའི་རིང་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིགས་པའི་གཞུང་ལུགས་གསར་པ་དང་ལག་ལེན་གསར་གཏོད་ལ་མིག་དཔེ་གང་ལེགས་ལྟ་རྒྱུ་ཡིན། ཝེ་ཐེ་ནམ་གྱིས་མུ་མཐུད་ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱི་ཕྱོགས་སྲིད་ཇུས་ཀྱི་དོན་ཆེན་ཨང་དང་པོར་བརྩིས་ནས་ཀྲུང་གོ་དང་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་དང་སྲིད་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཐུན་མོང་ཐོག་ཡག་པོ་གཉེར་བ་དང་། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་དང་ཐག་གཅོད་ཡག་པོ་བྱས་ཏེ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཝེ་ཐེ་ནམ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་དང་སུའུ་ལིན་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མི་ཆོས་རིག་གནས་སྤེལ་རེས་ཀྱི་ལོ་དངོས་སུ་འགོ་ཚུགས་པ་ཐུན་མོང་ཐོག་ཁྱབ་བསྒྲགས་གནང་བ་མ་ཟད། ད་དུང་དཔྱིད་གསར་དུས་ཆེན་གྱི་སྨོན་ཚིག་སྒྲོན་རེས་གནང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་བཀྲ་ཤིས་ཁམས་བཟང་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།