རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-21   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད(2024ལོ་ནས་2035ལོ་བར)》(གཤམ་དུ《རྩ་གནད》ཅེས་བསྡུ་རྒྱུ)བཀྲམ་ནས་2035ལོར་སླེབས་སྐབས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཐུབ་པའི་དམིགས་ཚད་ལ་ཕྱོགས་ཏེ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་བསྐྲུན་པའི་ཐད་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཡོད།
《རྩ་གནད》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་། མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ། ཏང་ཆེད་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཆེད་ཤེས་ལྡན་པ་གསོ་སྐྱོང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་བ། ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས་ནས་སློབ་གསོ་གཉེར་བ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་མགྱོགས་མྱུར་བསྐྲུན་པ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་པ། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་དང་། ཤེས་ལྡན་པའི་འགྲན་རྩོད་ནུས་པ། ཚན་རྩལ་གྱི་འདེགས་སྐྱོར་ནུས་པ། དམངས་འཚོའི་འགན་སྲུང་ནུས་པ། སྤྱི་ཚོགས་ཀྱི་མཐུན་སྦྱོར་ནུས་པ། རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་བཅས་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་བསྐྲུན་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པ་བཏོན་ཡོད།
《རྩ་གནད》ནང་ཏང་གིས་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དྲང་གཞག་ལ་སྐུལ་འདེད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་མངོན་པར་བྱེད་པ་དང་། འཐབ་ཇུས་ཀྱི་སྣེ་ཁྲིད་དང་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྒྱུར་བཅོས་གསར་གཏོད་དང་མཐུན་སྦྱོར་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ། རང་བདག་ཡིད་ཆེས་དང་གནམ་འོག་བློ་ལ་འཆང་བ་མཐའ་འཁྱོངས་བཅས་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་འདེགས་སྐྱོར་དང་དམངས་འཚོའི་དགོས་མཁོ་སྐོང་བ་དང་། ཤེས་བྱ་སློབ་སྦྱོང་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་དང་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་བ། ཚད་ལྡན་དང་གོ་རིམ་ལྡན་པ་དང་གསོན་ཤུགས་འཕེལ་བ། ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། རྩ་བརྟན་བློ་སྦྱོང་གི་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོའི་མ་ལག་དང་། གཞུང་དྲང་སྤུས་ལེགས་ཀྱི་རྨང་གཞིའི་སློབ་གསོའི་མ་ལག རང་སྟོབས་ཕུལ་བྱུང་གི་མཐོ་རིམ་སློབ་གསོའི་མ་ལག ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཀྱི་ལས་རིགས་སློབ་གསོའི་མ་ལག ཀུན་ལ་ཁྱབ་པའི་ཚེ་གང་སློབ་གསོའི་མ་ལག གསར་གཏོད་ཁྲིད་སྟོན་གྱི་ཚན་རྩལ་འདེགས་སྐྱོར་མ་ལག བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་མ་ལག སྒོ་དབྱེ་དང་དཔྱད་གཞིར་འཛིན་རེས་ཀྱི་རྒྱལ་སྤྱིའི་མཉམ་ལས་མ་ལག་བཅས་ཕྱོགས་ཡོངས་ནས་བསྐྲུན་ཏེ་ཆེ་བ་ནས་སྟོབས་ཆེའི་བར་གྱི་བརྒྱུད་རིམ་ལྡན་པའི་འཕུར་མཆོང་མངོན་འགྱུར་བྱེད་དགོས་པ་བཏོན་ཡོད།
《རྩ་གནད》ནང་2027ལོ་དང་2035ལོ་བར་གྱི་དམིགས་ཚད་གཙོ་བོ་ཁ་གསལ་བཏོན་ཡོད་ལ་གཙོ་གནད་ལས་འགན་ཁག་དགུ་བཀོད་སྒྲིག་ཀྱང་བྱས་ཡོད་པ་སྟེ། མི་བཟང་གསོ་སྐྱོང་གི་རྣམ་པ་གསར་པ་བཏོད་དེ་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་འཁུར་མཁན་གྱི་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱེད་དགོས་པ་དང་། རྨང་གཞིའི་སློབ་གསོ་སྟོབས་ཆེར་གཏོང་བ་དང་ལེགས་པར་གཉེར་ཏེ་རྒྱལ་དམངས་ཀྱི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་བརྟན་དུ་གཏོང་དགོས་པ། མཐོ་རིམ་སློབ་གསོའི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་བཏང་སྟེ་འཐབ་ཇུས་ཀྱི་སྣེ་ཁྲིད་སྟོབས་ཤུགས་གཏོད་དགོས་པ། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཚན་རྩལ་སྟོབས་ཤུགས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པ། དེང་རབས་ལས་རིགས་སློབ་གསོའི་མ་ལག་མགྱོགས་མྱུར་བསྐྲུན་ནས་རྒྱལ་ཁབ་ཆེན་པོའི་བཟོ་བོ་དང་། བཟོ་རྩལ་མཁས་པ། རྩལ་ནུས་མཐོ་བའི་ཤེས་ལྡན་པ་བཅས་གསོ་སྐྱོང་བྱེད་དགོས་པ། སློབ་སྦྱོང་རྣམ་པའི་སྤྱི་ཚོགས་བསྐྲུན་པ་དང་སློབ་གསོ་གྲངས་འཛིན་ཅན་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འགྲན་ལམ་གསར་པ་དང་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་དགོས་པ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་བསྐྲུན་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གྱི་རྨང་གཞི་བརྟན་དུ་གཏོང་དགོས་པ། སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སློབ་གསོ་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་བྱེད་དགོས་པ། སློབ་གསོའི་ཕྱི་ཕྱོགས་སྒོ་དབྱེའི་འཐབ་ཇུས་དང་ཐབས་ཇུས་འཐུས་སྒོ་ཚང་དུ་བཏང་ནས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་སློབ་གསོའི་ལྟེ་གནས་གལ་ཆེན་བསྐྲུན་དགོས་པ་བཅས་རེད།
《རྩ་གནད》ནང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། ཏང་སྲིད་ཀྱིས་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། སྡེ་ཚན་སོ་སོས་འགན་འཁྲི་འཁུར་བ་བཅས་ཀྱི་སློབ་གསོའི་འགོ་ཁྲིད་ཀྱི་སྒྲིག་སྲོལ་ངེས་པར་དུ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་སློབ་གསོའི་མ་ལག་གི་ཆབ་སྲིད་བདེ་འཇགས་དང་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པ། ཀྲུང་དབྱང་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་གཅིག་གྱུར་འཆར་འགོད་མཐུན་སྦྱོར་དང་། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་བཏོན་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རིང་གི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་ལ་ཤུགས་སྣོན་རྒྱག་དགོས་པ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་སྐུལ་འདེད་གཏོང་རྒྱུ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས་པ། སྤྱི་ཚོགས་ཡོངས་ཀྱིས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུར་ཐུན་མོང་ཐོག་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཁོར་ཡུག་བཟང་པོ་གཏོད་པ་དང་སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱིས་མཉམ་དུ་མི་སྣ་གསོ་སྐྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།