ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-22   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

《ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའི་ལས་དོན་སྙན་སེང་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ལས་དོན་སྙན་ཞུ་གསན་པ་དང་ཞིབ་འཇུག་བྱས་པའི་ཕྱོགས་བསྡུས་གནས་ཚུལ་སྙན་སྒྲོན》དང《རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་གནང་བ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།


    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས། 《ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའི་ལས་དོན་སྙན་སེང་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ལས་དོན་སྙན་ཞུ་གསན་པ་དང་ཞིབ་འཇུག་བྱས་པའི་ཕྱོགས་བསྡུས་གནས་ཚུལ་སྙན་སྒྲོན》དང《རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་2024ལོའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་2025ལོའི་ལས་དོན་བཀོད་སྒྲིག་ལ་མོས་མཐུན་གནང་བ་རེད། ཚོགས་འདུའི་ཐོག་འདས་ཟིན་པའི་ལོ་གཅིག་ནང་།ཏང་ཙུའུ་ལྔ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་། འགན་འཁྲི་དང་རང་འགན་ཐེག་པ་ཁུར་ལེན་ཤུགས་ཆེར་གཏོང་བ། རང་འགན་གཙང་སྒྲུབ་ཏན་ཏིག་བྱེད་པ། ཏང་ཙུའི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ནན་ཏན་ངང་འཁུར་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་ཕུལ་ཡོད། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག རང་འགན་གཙང་སྒྲུབ་དང་བྱ་སྤྱོད་ཧུར་ཐག་སྤེལ་ནས་ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ཚོགས་པའི་རྩ་འཛུགས་འཛུགས་སྐྱོང་དང་སྒྱུར་བཅོས་ལ་མཛུབ་ཁྲིད་བྱེད་པ། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད་པའི་ངོས་འཛིན་བྱས་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལོ་གསར་པར། ཏང་ཙུའུ་ལྔ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་ཀྲུང་དབྱང་གིས་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་འདི་མཐའ་འཁྱོངས་ཀྱིས་བསམ་བློ་གཅིག་གྱུར་དང་། ཁ་ཕྱོགས་གཅིག་མཐུན། གང་གསུང་དེ་སྒྲུབ་བཅས་ལ་འགན་ལེན་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས། དངོས་སྒྲུབ་གཙོར་བཟུང་དང་། འབད་འབུངས་ཡར་བརྩོན། ལས་དོན་སྒྲུབ་མཁས་པོ་བཅས་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་འགག་སྒྲོལ་ལ་ཤུགས་སྒྲིལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱེད་དགོས། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་རང་ངོས་ཀྱི་འགན་འཁྲིར་གཞི་ཚུགས་ནས། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། གཙོ་གནད་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གིས་དཀྲིས་པའི་ལས་འགན་ཁག་སྤུས་ཚད་མཐོན་པོས་ལེགས་སྒྲུབ་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དང་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་བསྐལ་བརྒྱའི་ཇུས་ཆེན་ཞིག་ཡིན་པས། ཏང་ཀྲུང་དབྱང་གི་འཐབ་ཇུས་དགོངས་པར་གོ་བ་གཏིང་ཟབ་ལེན་པ་དང་། གཙོ་བོ་སྲུང་སྐྱོང་ལ་ཐུག་པ་དང་གནད་འགག་བཅོས་སྐྱོང་ལ་ཐུག་པའི་འཐབ་ཇུས་ཀྱི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དེ་སྒུལ་ཤུགས་སུ་བྱེད་པ། རྨ་ཆུའི་སྲུང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། རང་བྱུང་ཆོས་ཉིད་ལ་བརྩི་འཇོག་བྱེད་པ། ཆུ་དང་མི་འབོར་དང་། འབྲུ་རིགས། ནུས་རྒྱུ་བཅས་དབར་གྱི་འབྲེལ་བ་གཙོ་གནད་དུ་ཐག་གཅོད་ཡག་པོ་བཅས་བྱས་ཏེ། འཕེལ་རྒྱས་གཏོང་སྟངས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ཡོང་བར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཆེན་པོ་དང་མཐུན་སྦྱོར་ཆེན་པོའི་བཀོད་པ་འཐུས་སྒོ་ཚང་དུ་རྒྱུན་མཐུད་གཏོང་བ་དང་། སྟོད་རྒྱུད་ཀྱི་ཆུ་རྩ་གསོ་སྐྱོང་གི་ནུས་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཆེ་རུ་གཏོང་བ། དབུས་རྒྱུད་ཀྱི་ས་ཆུ་སྲུང་འཛིན་ལ་ཤུགས་སྣོན་རྒྱག་པ། སྨད་རྒྱུད་ཀྱི་འདམ་ར་སྲུང་སྐྱོང་དང་སྐྱེ་ཁམས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཆུའི་ཐོན་ཁུངས་དེ་བཙན་ཐབས་འཆུན་འདོམས་ཆེ་ཤོས་སུ་བརྩིས་ནས་ཆུ་གྲོན་ཆུང་གི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་དགོས། རྨ་ཆུ་ཡུན་རིང་དལ་བུར་འབབ་པར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་འགན་ལེན་བྱས་ནས་ཆུ་མཛོད་གལ་ཆེན་དང་རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་། ནུབ་རྒྱུད་ཐོན་འབྱེད་ཆེ་མོ་དང་དབུས་རྒྱུད་དར་རྒྱས་སོགས་ས་ཁོངས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་བྱེད་དགོས། རྨ་ཆུའི་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བཏང་སྟེ་རིག་གནས་ཤུལ་བཞག་གི་སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན་གྱི་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལོ་རྒྱུས་ཀྱི་ཤེས་རིག་འཕེལ་རྒྱུན་དང་མི་རིགས་ཀྱི་རྩ་བ་རྒྱུན་འཛིན་བྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གིས་སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་གཙོ་གནད་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྒྱུར་བཅོས་གལ་ཆེན་གྱི་དོན་གནད་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་ཀྱང་བྱས་པ་རེད།