རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-22   རྩོམ་ཁུངས།    ཤིན་ཧྭ་དྲ་བ།
གསར་འགོད་པས་ཟླ་༡པོའི་ཚེས་༢༡ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར་ལྟར་ན། ༢༠༢༥ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་མྱུར་བགྲོད་གཞུང་ལམ་ཐོག་བསྐྱོད་པའི་འགྲོ་གྲོན་སྤྲད་མི་དགོས་ལ། འགྲོ་གྲོན་སྤྲད་མི་དགོས་པའི་དུས་ཡུན་ནི་ཟླ་དང་པོའི་ཚེས་ཉེར་བརྒྱད་ནས་ཟླ་གཉིས་པའི་ཚེས་བཞི་སྟེ་བསྡོམས་པའི་ཉིན་བརྒྱད་ཡིན་པ་རེད།
འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་མྱུར་བགྲོད་གཞུང་ལམ་ཐོག་རིན་མེད་ངང་སྐྱོད་པ་དེ་རླངས་འཁོར་གྲོན་དངུལ་བསྡུ་བའི་ས་ཚུགས་ནས་ཁ་བྲལ་བའི་དུས་ཚོད་གཞིར་འཛིན་དགོས་པའི་དྲན་སྐུལ་བྱས་ཡོད། གུང་གསེང་མཇུག་རྫོགས་རན་དུས། གལ་ཏེ་རླངས་འཁོར་གཏོང་རྒྱུའི་དུས་ཚོད་དེ་འགྲོ་གྲོན་རིན་མེད་ཀྱི་དུས་ཡུན་མཚམས་འཇོག་རན་ནའང་ད་དུང་འགྲོ་དགོས་ས་སླེབས་མེད་ན་ཉེ་འགྲམ་གྱི་གྲོན་དངུལ་བསྡུ་བའི་ས་ཚུགས་བརྒྱུད་སྔོན་ལ་མྱུར་བགྲོད་གཞུང་ལམ་ནས་ཐོན་ཆོག དེ་ལྟར་བྱས་ན་གོང་གི་འགྲོ་སྐྱོད་ལ་འགྲོ་གྲོན་མི་དགོས་པའི་སྲིད་ཇུས་ལོངས་སུ་སྤྱོད་ཐུབ། དེ་རྗེས་ཉེ་འགྲམ་གྱི་མྱུར་བགྲོད་གཞུང་ལམ་བརྒྱུད་སླེབས་དགོས་སའི་ཡུལ་དུ་བསྐྱོད་ན་འགྲུལ་ལམ་ལྷག་མའི་འགྲོ་གྲོན་ཉུང་ཤས་ཤིག་ལས་སྤྲོད་དགོས་ཀྱི་མེད་པ་རེད།
འགན་འཁུར་བ་དེས་ད་དུང་ཁ་ལོ་བ་དང་འགྲུལ་པ་རྣམས་ཀྱིས་དོན་དངོས་ཀྱི་གནས་ཡུལ་དང་དུས་ཚོད་ལ་གཞིགས་ནས་སྔར་ཙམ་ནས་ལམ་ལ་ཆས་པའི་འཆར་འགོད་ལེགས་པོ་བྱས་ཏེ་བྲེལ་འཚུབ་དང་།མྱུར་ཚད་ལས་བརྒལ་ནས་བདེ་འཇགས་དོན་རྐྱེན་འབྱུང་བར་གཟབ་དགོས་ལ། རིན་མེད་སྲིད་ཇུས་ལོངས་སུ་སྤྱོད་གང་ཐུབ་བྱེད་དགོས་པ་བསྟན།