སེམས་ཀྱི་ཉི་ཟླའི་འབབ་ཚུཊ་ནས་མཐོང་བའི་ཡིད་དུ་འོང་བའི་གཟུཊ་བརྙན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-30   རྩོམ་ཁུངས།    中央广播电视总台藏语

    2023ལོའི་ཟླ་11པར་སེམས་ཀྱི་ཉི་ཟླ་མེ་འཁོར་འབབ་ཚུགས་ཤར་གཏོང་ཐུབ་པ་ནས་བཟུང་། འཁོར་སྐྱོད་བྱེད་པའི་མེ་འཁོར་དེ་སྔའི་ཆ་4ནས་ཆ་11བར་མང་དུ་ཕྱིན་ཏེ། གྲོང་མི་དང་ཡུལ་སྐོར་བའི་འགྲོ་སྐྱོད་ཀྱི་དགོས་མཁོ་ལེགས་པར་སྐོང་ཐུབ་འདུག

    2024ལོའི་ཟླ་11ཚེས་26ཉིན། སེམས་ཀྱི་ཉི་ཟླ་མེ་འཁོར་འབབ་ཚུགས་ཤར་གཏོང་འཁོར་སྐྱོད་བྱས་ནས་ལོ་ངོ་གཅིག་འཁོར་བ་དང་། ལོ་འཁོར་མོའི་འགྲུལ་པའི་བསྡོམས་འབོར་མི་ཐེངས་ཁྲི་160ལས་བརྒལ་འདུག དཔྱིད་གསར་དུས་ཆེན་གྱི་སྐབས་སུ། ངེད་བཅར་འདྲི་ཚོ་ཆུང་ཡུན་ནན་བདེ་ཆེན་དུ་རྡོག་ཐོན་བྱས་ཏེ། དཔྱིད་གསར་སྐབས་གཞི་རིམ་དུ་བསྐྱོད་པའི་བཅར་འདྲིའི་བྱེད་སྒོ་རབ་དང་རིམ་པའི་འགོ་དེ་ནས་བརྩམས་ཡོད། སེམས་ཀྱི་ཉི་ཟླ་མེ་འཁོར་འབབ་ཚུགས་སུ་འབྱོར་རྗེས། ལས་བྲེལ་ཆེ་བའི་གཟུགས་བརྙན་འགའ་ཞིག་གིས་ང་ཚོ་ལ་བག་ཆགས་ཟབ་མོ་བཞག་བྱུང་། ངེད་ཚོ་ཆུང་གིས་ཁོང་ཚོའི་གཟུགས་བརྙན་བརྙན་ལ་ཕབ་པ་ཡིན།

    མེ་འཁོར་འབབ་ཚུགས་སུ་ང་ཚོས་བདེ་འཇགས་ཞིབ་བཤེར་གྱི་ལས་ཀར་བྲེལ་བཞིན་པའི་བློ་བཟང་སྒྲོལ་མ་ངོ་ཤེས་བྱུང་། ཁོང་མོས་རང་འགུལ་ངང་དཔྱིད་གསར་སྐྱེལ་འདྲེན་གྱི་ལས་རེས་སུ་སྡོད་རྒྱུའི་རེ་ཞུ་ཕུལ་བ་རྒྱུས་ལོན་བྱུང་། ལས་ཀའི་ཁྲོད་ཧུར་སེམས་ཆེ་བ་དང་། སེམས་རྩ་འཁོལ་བ། ཞིབ་ཚགས་དོ་ནན་བཅས་ཀྱི་རྣམ་འགྱུར་ཐོག་ནས་འགྲུལ་པའི་བདེ་འཇགས་ལ་འགན་ལེན་བྱེད་བཞིན་འདུག ཁོང་མོ་ལས་རེས་རུ་དཔོན་ཡིན་པའི་ངོས་ནས། རུ་ཁག་གི་ལས་གྲོགས་ཚོའི་སྣེ་འཁྲིད་དེ་དཔྱིད་གསར་སྐྱེལ་འདྲེན་གྱི་འཐབ་ས་དང་པོར་ལས་གནས་བརྟན་སྲུང་བྱེད་པ་རྒྱུས་ལོན་བྱུང་།

    དེ་དང་ཆབས་ཅིག་ང་ཚོས་བློ་བཟང་སྒྲོལ་མ་དང་འདྲ་བར་རང་འགུལ་ངང་དཔྱིད་གསར་སྐྱེལ་འདྲེན་སྐབས་ལས་རེས་སུ་སྡོད་རྒྱུའི་རེ་ཞུ་བྱས་པའི་ཡུན་ནན་ཁྲུའུ་ཞུང་ནས་ཡིན་པའི་ལི་ཝུན་ཆི་ཡང་ངོ་ཤེས་བྱུང་། ཁོང་མོ་དང་ཁོང་གི་ཨ་ཕ་གཉིས་ཀ་ལྕགས་ལམ་གྱི་ལས་དོན་པ་ཡིན་པས། ཁྱིམ་ཚང་གཅིག་གི་ནང་མི་གསུམ་དཔྱིད་གསར་དུས་ཆེན་སྐབས་མཉམ་འཛོམས་བྱེད་ཐུབ་མེད་ལ། ཁོང་རྣམ་པས་ཁག་སོ་སོར་རང་འཁྲིའི་ལས་གནས་བརྟན་སྲུང་བྱེད་བཞིན་འདུག

    ང་ཚོ་འབབ་ཚུགས་དེ་ནས་ཁ་བྲལ་རྩིས་བྱེད་སྐབས། གཙང་སྦྲའི་ལས་དོན་གྱི་འགན་འཁུར་མཁན་བོད་རིགས་ཨ་ཅག་བཞི་མཐོང་བྱུང་། ཁོ་ཚོས་འབབ་ཚུགས་ཀྱི་གྲུ་ཟུར་རེ་རེ་ལ་ནན་ཏན་གྱིས་གཙང་སྦྲ་བྱེད་བཞིན་ཡོད་པ་དང་། ཁོང་རྣམ་པའི་ངོ་གདོང་ནས་འཕྱུར་བའི་འཛུམ་མདངས་དང་བྲེལ་འཚུབ་ཀྱི་གོམ་སྟབས་ལས་ཁོང་ཚོས་འཚོ་བ་དང་ལས་ཀར་བཅངས་པའི་སྤྲོ་སྣང་དང་དགའ་ཞེན་དེ་ཡང་ཚོར་བྱུང་།