བདེ་ཆེན་གྱི་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་ངང་ཚ་ཚ་འུར་འུར་དུ་གྱུར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    2025ལོར་དཔྱིད་གསར་དུས་ཆེན་གྱི་གུང་གསེང་མཇུག་རྫོགས་ནའང་། བདེ་ཆེན་གྱི་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་ངང་ཚ་ཚ་འུར་འུར་དུ་གྱུར་ཡོད། ས་གནས་ཁག་གི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་ནས་བདེ་ཆེན་ཁུལ་གྱི་ཡུལ་སྐོར་སྣེ་ལེན་གྱི་དམིགས་ཚད་ཁག་ཚང་མས་གྲུབ་འབྲས་བཟང་པོ་བཏོད་པ་དང་། ལོ་གསར་པའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་འགོ་ཡག་པོ་ཚུགས་ཡོད།།

   ཡུལ་སྐོར་བའི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་སྣེ་ལེན་ཞུ་མཁན་མི་ཐེངས་ཀྱིས་ཟིན་ཐོ་གསར་པ་བཏོད།

    བསྡོམས་རྩིས་བྱས་པར་གཞིགས་ན་དཔྱིད་གསར་དུས་ཆེན་གྱི་གུང་གསེང་ཧྲིལ་པོར་བདེ་ཆེན་ཁུལ་གྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་103.7ལ་སྣེ་ལེན་ཞུས་པ་དང་། དུས་མཚུངས་ལས་44%འཕར་བ། དེའི་ནང་ཞག་སྡོད་ཡུལ་སྐོར་བ་རིམ་རྩིས་བྱས་ན་མི་ཐེངས་ཁྲི་24.54ཟིན་ཡོད། ཉིན་གཅིག་ཡུལ་སྐོར་གཏོང་མཁན་མི་ཐེངས་ཁྲི་79.16ཟིན། ཡུལ་སྐོར་བ་མང་པོ་ཞིག་གིས་བདེ་ཆེན་དུ་དཔྱིད་གསར་དུས་ཆེན་གྱི་གུང་གསེང་གཏོང་རྒྱུའི་གདམ་ག་བྱས་ནས་བདེ་ཆེན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་ཡུལ་སྲོལ་གོམས་གཤིས་མྱོང་རོལ་བྱས་ཡོད།

  ཡུལ་སྐོར་འཛད་སྤྱོད་བྱེད་ཤུགས་ཆེ་བ་དང་། དཔལ་འབྱོར་གྱི་གསོན་ཤུགས་ཕྱོགས་ཡོངས་ནས་གློད་འགྲོལ་བཏང་།

    དཔྱིད་གསར་དུས་ཆེན་རིང་བདེ་ཆེན་ཁུལ་གྱི་ཡུལ་སྐོར་འགྲོ་གྲོན་སྒོར་དུང་ཕྱུར་11.97ཙམ་ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་37.9%་འཕར་བ།དེའི་ནང་ཞག་སྡོད་ཡུལ་སྐོར་ཐད་སྒོར་དུང་ཕྱུར་7.37ཟིན། ཉིན་གཅིག་ཡུལ་སྐོར་ཐད་ཡོང་སྒོར་དུང་ཕྱུར་4.5ཟིན། ཡུལ་སྐོར་ཚོང་རས་འཛད་སྤྱོད་ཤུགས་ཆེན་གྱིས་བདེ་ཆེན་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་བསྣན་ནས་ཞག་སྡོད་དང་བཟའ་བཏུང་། ཉོ་སྒྲུབ་སོགས་འབྲེལ་ཡོད་ཐོན་ལས་བཅས་ཀྱི་འཕེལ་རྒྱས་སྐུལ་ཁྲིད་བྱས་ཡོད།

    རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ཕན་འབྲས་མངོན་གསལ་དོད་པ་དང་ཁྱད་ལྡན་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས།

    དཔྱིད་གསར་དུས་ཆེན་རིང་བདེ་ཆེན་ཁུལ་གྱིས་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་རིམ་ལྟར་སྤེལ་བ། 2025ལོའི་དཔྱིད་གསར་དུས་ཆེན་གྱི་རིག་གནས་དམངས་ཕན་དང་དགའ་སྤྲོའི་ཤམ་བྷ་ལའི་ཕྲེང་བསྟར་བྱེད་སྒོ་སྤེལ་བ། རིག་གནས་དང་ཡུལ་སྐོར་གཏིང་ཟབ་མཉམ་འབྲེལ་བྱས་ནས་ཡུལ་སྐོར་བ་ལ་རྣམ་པ་གསར་གཏོད་ཀྱི་རིག་གནས་ཡུལ་སྐོར་གྱི་ལྟད་མོ་བཏོན་པ། གངས་འཁྱགས་ཡུལ་སྐོར་དང་དམངས་སྲོལ་འཁྲབ་སྟོན། དངོས་མིན་ཤུལ་བཞག་སོགས་བྱེད་སྒོར་ཡུལ་སྐོར་བ་རང་བྱུང་མཛེས་ལྗོངས་རོལ་བའི་དུས་སུ་བདེ་ཆེན་གྱི་སྲོལ་རྒྱུན་རིག་གནས་དང་དམངས་སྲོལ་གོམས་གཤིས་གཏིང་ཟབ་ཏུ་རྒྱུས་ལོན་བྱས་ནས་ཡུལ་སྐོར་བའི་ཡུལ་སྐོར་མྱོང་རོལ་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།

    ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་ཕྱིན་པ་དང་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་མཐོ་རུ་ཕྱིན་པ།

    དཔྱིད་གསར་དུས་ཆེན་རིང་བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་སྲིད་འཛིན་ཞིབ་བཤེར་དང་རིག་དངོས་བདེ་འཇགས་ཞིབ་བཤེར་ཐེངས་མང་བྱས། རིག་གནས་ཡུལ་སྐོར་ལས་རིགས་དང་ལྗོངས་ཁུལ་གྱི་ལས་བྱེད་པས་ལས་གནས་སྲུང་ནས་དཔྱིད་གསར་དུས་ཆེན་སྐབས་ཀྱི་བདེ་ཆེན་ཁུལ་རིག་གནས་ཡུལ་སྐོར་ཚོང་རའི་བདེ་འཇགས་ཐོན་སྐྱེད་དང་སྤུས་ཚད་མཐོ་བའི་ཞབས་འདེགས་ལས་ཀ་འགན་སྲུང་བྱས་པ་མ་ཟད། ད་དུང་ཡུལ་སྐོར་ཆ་འཕྲིན་ཁྱབ་བསྒྲགས་བཏང་ཡོད།

    དེ་ལས་གཞན་བདེ་ཆེན་ཁུལ་གྱིས་རྨང་གཞིའི་སྒྲིག་བཀོད་ཧུར་ཐག་གིས་འཐུས་ཚང་བཏང་བ། ཁུལ་ཡོངས་ཀྱི་ཉལ་ཁྲིའི་སྒྲིག་བཀོད་ཆ་སྙོམས་བོགས་གཏོང་བྱེད་ཚད་78.46%་ཟིན་པ། ཡུལ་སྐོར་བ་ལ་དེ་བས་སྐྱིད་པའི་ཞག་སྡོད་ཆ་རྐྱེན་བཏོན་པ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁུལ་ཁྱབ་ཁོངས་ནང་ཁུལ་གྱི་གྲོང་ཁྱེར་རིམ་པའི་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པའི་རླངས་འཁོར་འཇོག་སར་ད་དུང་རིན་མེད་རླངས་འཁོར་འཇོག་ས་1700ལྷག་ཙམ་སྒོ་ཕྱེ་བ་དང་།ཡུལ་སྐོར་ཆུ་ཚད་མུ་མཐུད་མཐོ་རུ་བཏང་ཡོད།