རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-10   རྩོམ་ཁུངས།    青海藏文报
རྩོམ་པ་པོ་རྨ་མདུད་གྲོལ་གྱི《གཏན་ཚིགས་རིག་པའི་སྒོ་འབྱེད》《ཟླ་འོད་འོག་གི་རྟོག་འགྱུ》ཅེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ།
དགེ་མང་བསྟན་འཛིན་རྡོ་རྗེའམ་རྨ་མདུད་གྲོལ་གྱིས་བརྩམས་པའི《གཏན་ཚིགས་རིག་པའི་སྒོ་འབྱེད》ཞེས་པའི་དེབ་འདི་ནི། ཚད་མའི་སྔོན་འགྲོའི་རིགས་ལམ་བསྡུས་གྲྭ་དང་བློ་རྟགས་བསྐོར་ཡིན་མོད། ནང་བསྟན་གཏན་ཚིགས་རིག་པ་སྦྱངས་པ་ལ་ནང་བསྟན་གྱི་འཇུག་སྒོའམ་རྨང་གཞི་སྐྱབས་འགྲོའི་རྣམ་གཞག་ངོས་མ་ཟིན་ཚེ་རབ་བྱུང་བའི་གྲལ་དུ་ཚུད་པར་ཕར་ཞོག་ནང་པ་ཙམ་ཡང་མི་འགྱུར་བས། ཐོག་མར་བསྟན་པ་ལ་འཇུག་པའི་སྒོ་དམ་པ་སྐྱབས་འགྲོའི་རྣམ་གཞག་སྟེ། སྐྱབས་འགྲོའི་རྒྱུ། སྐྱབས་སུ་འགྲོ་བའི་ཡུལ། སྐྱབས་སུ་འོས་པའི་རྒྱུ་མཚན། ཚུལ་ཇི་ལྟར་སྐྱབས་སུ་འགྲོ་བ། སྐྱབས་སུ་སོང་ནས་བསླབ་པར་བྱ་བའི་རིམ་པ་བཅས་སྐྱབས་འགྲོའི་གཞུང་རྒྱས་བསྡུས་འཚམས་པར་བཤད་ཡོད། བསྡུས་གྲྭ་དང་བློ་རྟགས་ཀྱི་རིགས་ལམ་གཏན་ཚིགས་རིག་པའི་སྒོ་འབྱེད་དངོས་ལ་འཇུག་པའི་ཚེའང་། གཞུང་ལ་བསླབ་པའི་ཚེ་སྤྲོ་བ་འཕེལ་ཆེད་དང་ཁུར་དུ་མི་འགྲོ་རྒྱན་དུ་འགྲོ་བའི་ཆེད་དུ། གཏན་ཚིགས་རིག་པ་ལ་འཇུག་རིགས་པར་སྤྱིར་བསྟན་པ། བསྡུས་གྲྭའི་བྱུང་བ་དང་དགོས་པ་བྱེ་བྲག་ཏུ་བཤད་པ། ཚད་མའི་གཞུང་ལ་གསར་དུ་འཇུག་པའི་རིགས་ལ་ངེས་པར་མཁོ་བའི་ལན་དང་རྩོད་པའི་རྣམ་གཞག་སྐོར་གྱི་བརྡ་ཆད་དག་གསེད་དཀྲོལ་དང་ངོ་སྤྲོད་བྱས་ཏེ་ལན་བཏབ་ཚུལ་དང་རྩོད་པ་ཇི་ལྟར་བྱེད་ཚུལ་བསྐོར་བཤད་ཡོད། ལུས་དངོས་ཀྱི་སྐབས་སུ་མདོ་དང་ཀུན་བཏུས། མངོན་པ་མཛོད། ཚད་མ་སྡེ་བདུན་སོགས་ལས་བསྡུས་ཚན་རེ་རེའི་ཁུངས་བཙལ་ཡོད་པས་ཁྱད་ཆོས་ཅུང་ཙམ་ཐོན་ཡོད་པ་དང་། རིགས་ལམ་གྱི་སྐོར་ལུང་རིགས་གཉིས་ཀྱི་ཆ་ནས་སྤྲོས་ཏེ་བཤད་པ། མཇུག་ཏུ་བར་སྐབས་ཀྱི་ཚིག་བཅད་དང་འབྲེལ་བའི་དགོས་པ་བསྡུས་ཚན་རེ་རེར་སྦྱར་ཡོད། མདོར་ན། སྐྱབས་འགྲོའི་རྨང་གཞི་བྱས་ཡོད་པས་ལམ་ལོག་མི་ལྷུང་བ། གཏན་ཚིགས་རིག་པར་འཇུག་འོས་པའི་རྒྱུ་མཚན་དང་། བསྡུས་གྲྭའི་བྱུང་བ་དང་དགོས་པ་སོགས་བསྟན་ཡོད་པས་གཞུང་ལ་འཇུག་པར་སྤྲོ་བ་བསྐྱེད་པའི་ཁྱད་ཆོས། བསྡུས་ཚན་སོ་སོའི་ཁུངས་ཡང་དག་པར་བཙལ་ཡོད་པས་ཁུངས་ངོས་ཟིན་ཞིང་བསྡུས་གྲྭར་སྦྱངས་པའི་དགོས་པའང་ངེས་པ། ཆོས་གྲྭའི་རིགས་ལམ་སྣ་ཚོགས་ལུང་རིགས་དང་སྦྱར་ཡོད་པས་མཁས་པའི་ཁྱུ་ཚོགས་སུ་འདྲེན་པའི་དགོས་པ་ཡོད་པ་བཅས་སོ།།
སྲོལ་རྒྱུན་སྙན་ངག་གི་འབྲི་ཐབས་གཙོ་བོར་བཟུང་བའི་རྨ་མདུད་གྲོལ་གྱི་བཅད་རྩོམ་སྙན་དེབ《ཟླ་འོད་འོག་གི་རྟོག་འགྱུ》ནི་སྐབས་འགར་དེང་རབས་བཅད་རྩོམ་གྱི་སྲད་བུ་ལ་བརྒྱུས་ནས། ཚོར་བའི་ཡུལ་གྲུ་ནས་སྙན་ངག་གི་རྗེས་ཤུལ་ཕབས་པའི་གྲྭ་རྐྱང་ཞིག་གིས་མི་ཡུལ་ལ་ཕུལ་བའི་སེམས་རིག་གི་ཚོར་བའི་ཆར་འབྲུ་ཞིག་སྟེ། བཅོས་མིན་སེམས་ཀྱི་སྨོན་པའི་ཁ་བཏགས། རྩོམ་རིག་གི་ཀློང་ན་གཡོ་བའི་འཕུར་གྲུ། བསམ་གཞིག་ཚོར་བར་འདྲེས་པའི་རྗེས་ཤུལ། སྐྱོ་བའི་རླབས་ལ་འདྲེས་པའི་ཟེགས་མ། ངོས་དང་ཟུར་ནས་མཐོང་བའི་གཟུགས་རིས། རང་སེམས་ཆོས་ལ་འཁྲེང་བའི་དབྱངས་རྟ་བཅས་དོན་ཚན་བདུན་གྱིས་གྲུབ་ཅིང་། ཡུན་ཐུང་མི་ཚེ་ལ་སྙིང་བོ་ལེན་དགོས་ཚུལ། དགེ་སྡིག་སྤངས་བླངས་དང་འབྲེལ་བའི་སློབ་གསོ། ཉམས་དང་ཚོར་བའི་བར་གྱི་མགུར་དབྱངས་སོགས་སྙན་ངག་གི་རྒྱན་གྱིས་རྗོད་བྱེད་ཀྱི་ཚིག་མཛེས་ཤིང་། དོན་ལྡན་གྱི་བརྗོད་བྱའི་སྨན་མཆོག་གིས་བཀླག་ན་སེམས་ལ་ཕན་པའི་སྙན་ངག་གི་དེབ་གསར་ཞིག་ཏུ་ལེགས་སོ།།