ཆམ་རིམས་སྔོན་འགོག་བྱེད་སྟངས་དང་ཡིད་གཟབ་བྱ་ཡུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-10   རྩོམ་ཁུངས།    西藏日报藏文媒体

        

        ཉེ་དུས་ནི་ཆམ་རིམས་ཐོན་སླ་བའི་དུས་ཚོད་ཡིན་པས་མི་མང་པོས་ཆམ་རིམས་སྐོར་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ད་འོ་ན་ཆམ་རིམས་ཕོག་རྗེས་ཇི་ལྟར་བྱས་ན་མཇུག་འབྲས་ངན་པ་མི་ཐོན་པ་དང་ཉེན་ཁ་འགོག་ཟོན་ཡག་པོ་ཐུབ་བསམ་ཞེ་ན་འདིར་གསོ་རིག་མཁས་ཅན་གྱིསའདི་འདྲ་གསུང་གི་འདུག            

        ཆམ་རིམས་འགོས་ཉེན་ཆེ་བའི་མི་ཚོགས་ཀྱིས་དོགས་ཟོན་ཆེན་པོ་བྱེད་དགོས་པ།
        སྨན་པ་མང་པོ་ཞིག་གིས། ཆམ་རིམས་ནི་སྤྱིར་བཏང་གི་ཆམ་པ་དང་མི་འདྲ་བར་འགོ་ཤུགས་ཆེ་བས། སྔར་ཡོད་ཀྱི་ན་ཚ་རྙིང་པ་ཚབས་ལྕི་རུ་འགྲོ་བ་དང་སྦྲགས། གློ་ཚད་འཁྲིད་པ་དང་། སྙིང་ཚད་རྒྱས་པ། དབང་རྩའི་མ་ལག་ལ་གནོད་པ་སོགས་ཀྱི་འདུས་ནད་ཡོང་སྲིད།
        དེས་ན། གསོ་རིག་ཐོག་སྦྲུམ་མ་དང་། བྱིས་པ། རྒན་རྒོན། ན་ཚ་རྙིང་པ་ཡོད་པའམ་ཡང་ན་ནད་འགོག་ནུས་པ་ཞན་པའི་མི་ཚོགས་ལ་ཆམ་རིམས་འགོས་ཉེན་ཆེན་པོ་ཡོད་ཅིང་། ཆམ་རིམས་འགོས་རྗེས་ནད་གཞི་ལྕི་པོ་གཞན་དག་སློང་སྲིད་པས་དོགས་ཟོན་ཆེན་པོ་བྱེད་དགོས་ཀྱི་ཡོད། མི་ཚོགས་དེ་དག་གིས་ཆམ་རིམས་ཐོན་སྐབས་སུ་ཕྱི་ལ་འགྲོ་དུས་ཁ་རས་རྒྱག་དགོས་པ་དང་། ཚོང་རའམ་ཡང་ན་ཚོང་འདུས་སོགས་འཚང་ཁ་ཆེ་ས་དང་མཁའ་རླུང་འཁོར་རྒྱུག་ཡག་པོ་མེད་སར་ཉུང་ཙམ་འགྲོ་དགོས་པའི་ངོས་འཛིན་བྱེད་ཀྱི་འདུག

        ཆམ་རིམས་དང་སྤྱིར་བཏང་གི་ཆམ་པ་དབྱེ་བ་ཇི་ལྟར་ཕྱེ་དགོས་མིན་ཐད་པེ་ཅིང་ཡིའུ་ཨེན་སྨན་ཁང་གི་གཙོ་བཅོས་སྨན་པ་ལི་ཐུང་གིས། ཆམ་རིམས་ཕོག་ན་སྤྱིར་བཏང་བྱས་ན་ཚ་བ་ཧྲེ་ཧྲི་ཏུའུ་38.5ཡན་རྒྱག་གི་ཡོད་པ་དང་། གློ་ལུ་བ་དང་མིད་པ་ན་བ་ཕུད། ད་དུང་དཔེར་ན་མགོ་ན་བ་དང་། ཤ་གནད་ལ་ཟུག་གཟེར་རྒྱག་པ། རྦད་དེ་ཐང་ཆད་པ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད་ཅེས་བརྗོད།

        ནད་རྟགས་ཚབས་ལྕི་པོ་ཡོད་ན་ལམ་སེང་སྨན་ཁང་དུ་འགྲོ་དགོས་པ།

        ལི་ཐུང་གིས་ཆམ་རིམས་ཕོག་པ་ཚང་མ་སྨན་ཁང་དུ་འགྲོ་དགོས་ཀྱི་མེད་པར་ནད་རྟགས་ཡང་བ་རྣམས་ཀྱིས་ཁྱིམ་དུ་ལོགས་སུ་བསྡད་དེ་ཚ་བ་དང་ཟུག་གཟེར་གཅོག་པ་དང་གློ་འཇགས་ལུད་སེལ་གྱི་སྨན་བཏང་ཚེ་སྤྱིར་བཏང་བྱས་ན་ཉིན་བདུན་ཡས་མས་ནང་དྲག་སྐྱེད་ཡོང་གི་ཡོད། འོན་ཀྱང་ཚ་བ་ཧྲེ་ཧྲི་ཏུའུ་39ཡན་བརྒྱབ་པ་དང་ཚ་བ་གཅོག་པའི་སྨན་བཏང་ཡང་ཚ་བ་མ་འཇགས་པ། ཡང་ན་གློ་ཞེ་དྲག་ལུ་བ་དང་། དབུགས་ཧལ་བ། བྲང་ཁ་བསྡམས་པ། དབུགས་འགག་པ་སོགས་ཀྱི་ནད་རྟགས་ཚབས་ལྕི་པོ་ཐོན་པ། ཡང་ན་མགོ་བོ་ཤུགས་ཆེན་ན་བ་དང་། ཡང་སེ་སྐྱུགས་པ། ཐམ་མེ་ཐོམ་མེར་གྱུར་པ་སོགས་བྱས་ཚེ་འཕྲལ་དུ་སྨན་ཁང་དུ་འགྲོ་དགོས་ཞེས་བརྗོད།

        ནད་བསྟུན་སྨན་བསྟེན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ།

        ཀྲུང་རི་མཛའ་གྲོགས་སྨན་ཁང་གི་སྨན་པ་ཁྲེན་ཝུན་ཧུད་ཀྱིས་ཆམ་རིམས་ནི་ནད་དུག་འགོས་པ་ཞིག་ཡིན་པས་ཆུ་ཚོད་48ནང་དམིགས་བསལ་གྱི་ནད་དུག་འགོག་པའི་སྨན་དཔེར་ན། 磷酸奥司他韦དང་玛巴洛沙韦片(ཇི་ལྟར་མཆོད་དགོས་མིན་སྨན་པར་བཀའ་འདྲི་ཞུ་བ་དང་གསལ་བཤད་ཡི་གེར་ལྟ་དགོས)བཏང་ན་ཕན་ནུས་ཡག་པོ་ཐོན་ཐུབ། དེ་དང་ཆབས་ཅིག་ཟས་སྤྱོད་སྤང་བླང་ལ་དོ་སྣང་བྱས་ནས་ཚན་རིག་དང་མཐུན་པའི་སྨན་བཅོས་བྱས་ཚེ་གང་མྱུར་དྲག་སྐྱེད་ཡོང་བར་ཕན་ཐོགས་ཡོང་སྲིད་ཅེས་ངོ་སྤྲོད་བྱས།

        ལོ་ལྟར་རིམས་འགོག་སྨན་ཁབ་གཟེད་ན་ཡག་པོ་ཡོད་པ།
        ཆམ་རིམས་སྔོན་འགོག་ལ་ཕན་ཐོགས་ཤོས་དང་འགྲོ་སོང་ཆུང་ཤོས་ཀྱི་ཐབས་ཤེས་ནི་ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་གཟེད་རྒྱུ་དེ་རེད། ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་གཟེད་ན་ཆམ་རིམས་གཏན་ནས་འགོས་མི་སྲིད་ཅེས་བརྗོད་མི་ཐུབ་ཀྱང་ཆམ་རིམས་འགོ་ཚད་དང་དེའི་རྐྱེན་གྱིས་ཚབས་ཆེའི་འདུས་ནད་ཕོག་པའི་ཉེན་ཁ་མངོན་གསལ་དོད་པོས་ཆུང་དུ་འགྲོ་སྲིད་པ་གསོ་རིག་རིགས་གཅིག་མཁས་ཅན་ཡོངས་ཀྱིས་ཁས་ལེན་བྱེད་ཀྱི་ཡོད།