རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་2ཚེས་10ཉིན་གྱི་སྔ་དྲོ་“སྣོད་བཅུད་བདེ་ཆེན་བྱ་རིགས་ཀྱི་དགའ་ཚལ་”ཞེས་པའི་དགུན་དུས་སུ་སེམས་ཀྱི་ཉི་ཟླའི་བྱ་རིགས་ལྟ་སྐོར་བྱེད་པའི་བྱེད་སྐོ་སྐབས་བདུན་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བདེ་ཆེན་གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན་དུ་འཚོགས་པ་རེད། བདེ་ཆེན་ཁུལ་ནགས་ཚལ་རྩྭ་ཐང་ཅུས་དང་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཞུགས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད། གསར་འགོད་པས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པར་གཞིགས་ན། དགུན་དུས་ཡུལ་སྐོར་སེམས་ཀྱི་ཉི་ཟླའི་བྱ་རིགས་ལྟ་སྐོར་དུས་ཆེན་སྐབས་བདུན་པའི་བྱེད་སྒོ་ཟླ་2ཚེས་22ནས་ཚེས་24བར་འཚོག་རྒྱུ་ཡིན་པ་རེད། སྐབས་འདིའི་བྱ་རིགས་ལྟ་སྐོར་གྱི་བྱེད་སྒོའི་ནང་བྱ་དེ་སྨྱན་སྦྱོར་དང་བྱ་དེ་མཚམས་སྦྱོར་བྱེད་པ་མཐའ་འཁྱོངས་བྱས་ཏེ་བདེ་ཆེན་གྱི་ཕུན་སུམ་ཚོགས་ཤིང་སྣ་མང་གི་རང་བྱུང་ཡུལ་ལྗོངས་དང་སྐྱེ་ཁམས་ཁོར་ཡུག་མངོན་པ་དང་དགུན་ཁར་སེམས་ཀྱི་ཉི་ཟླའི་བྱ་རིགས་ལྟ་སྐོར་གྱི་བྱེད་སྒོ་བརྗོད་བྱ་གཙོ་བོར་བྱས་ཏེ་སེམས་ཀྱི་ཉི་ཟླའི་དགུན་དཔྱིད་དུས་ཀྱི་ཡུལ་སྐོར་ཉམས་ལེན་རིམ་སྤོར་བྱས་ཏེ་བདེ་ཆེན་ཁུལ་གྱི་སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་གི་ཡོད་པ་རེད། སྐབས་འདིའི་བྱ་རིགས་ལྟ་སྐོར་གྱི་བྱེད་སྒོའི་ནང་“སྣོད་བཅུད་སྲུང་སྐྱོང་”གྱི་གྲུབ་འབྲས་འགྲེམས་སྟོན་དང“སྣོད་བཅུད་བྱ་རིགས་ལྟ་སྐོར”གྱི་གྲོས་བསྡུར་ལྷུ་ཚིགས་མང་དུ་བཏང་སྟེ་སེམས་ཀྱི་ཉི་ཟླའི་སྣོད་བཅུད་མཛེས་སྡུག་ཕྱོགས་ཡོངས་ནས་མངོན་པ་དང་། “རང་བྱུང་དང་། རིག་གནས། མཛེས་སྤྱོད། ཁོར་ཡུག་སྲུང་སྐྱོང་”ཞེས་པའི་དམིགས་ཡུལ་གཞིར་བཟུང་ད་དུང་སེམས་ཀྱི་ཉི་ཟླའི་འདབ་ཆགས་ལྟ་སྐོར་ལམ་ཐིག་ཇུས་འགོད་ཞིབ་ཚགས་བྱས་ཏེ་འདབ་ཆགས་ལྟ་སྐོར་སྨྱན་སྦྱོར་བྱས་ནས་འགྲུལ་བའི་ཡིད་དབང་འགུག་པ་དང་མི་སེམས་འདུ་འཛོམས་བྱེད་པ། སྐབས་དེར་ད་དུང་རྒྱལ་ནང་གི་གྲགས་ཅན་འདབ་ཆགས་མཐུན་ཚོགས་དང་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་མི་སྣ་གདན་འདྲེན་ཞུས་ནས་འདབ་ཆགས་ལྟ་བའི་འགྲན་བསྡུར་གྱི་ཆེད་ལས་ཆུ་ཚད་ནུས་ལྡན་ངང་མཐོ་རུ་གཏོང་རྒྱུ་དང་ཆབས་ཅིག་རང་ཁུལ་གྱི་འདབ་ཆགས་ཐོན་ཁུངས་གནས་ཚུལ་ལ་བརྟག་དཔྱད་ཁ་གསབ་བྱས་ཏེ་བདེ་ཆེན་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལས་དོན་ལ་རྨང་གཞི་བཏིང་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བདེ་ཆེན་་དུ་སྔ་རྗེས་སུ་སྐབས་དྲུག་གི་བརྗོད་བྱ་གཙོ་བོར་“སྣོད་བཅུད་བདེ་ཆེན་བྱ་རིགས་ཀྱི་དགའ་ཚལ་”ཞེས་པའི་སེམས་ཀྱི་ཉི་ཟླའི་དགུན་དུས་བྱ་རིགས་ལྟ་སྐོར་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་རྒྱལ་ཁབ་ཕྱི་ནང་གི་འདབ་ཚོགས་50ལྷག་ཙམ་ཡིད་དབང་བཀུག་པ་དང་འགྲན་བསྡུར་ནང་ཞུགས་མཁན་དཔུང་ཁག་68འགྲན་བསྡུར་ནང་ཞུགས་པ་རེད། སྐབས་དྲུག་གི་བྱེད་སྒོ་སྒྲིག་འཛུགས་བྱས་པ་བརྒྱུད། སེམས་ཀྱི་ཉི་ཟླའི་དགུན་ཁར་ས་བབ་མཐོ་བའི་འདབ་ཆགས་ཀྱི་དགུན་བརྒལ་གནས་ཚུལ་དང་འདབ་ཆགས་རིགས་ཀྱི་ཁྱབ་ཚུལ་གཞི་རྩའི་ཆ་ནས་གསལ་པོ་ཤེས་རྟོགས་བྱུང་བ་མ་ཟད། བྱེད་སྒོའི་ནང་ཁྱོན་བསྡོམས་བྱ་རིགས་273ཟིན་ཐོར་བཀོད་པ། སེམས་ཀྱི་ཉི་ཟླའི་ལྟེ་བའི་སྣོད་བཅུད་ཐོན་ཁུངས་དང་དེ་བཞིན་མཐའ་འཁོར་ས་ཁོངས་ལ་དམིགས་ནས་སྣོད་བཅུད་འདབ་ཆགས་ལྟ་སྐོར་གྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལམ་ཐིག་མང་པོ་ཇུས་འགོད་བྱས་ཡོད། ཉེ་བའི་ལོ་འགའི་རིང་ལ་སྤེལ་བའི་འདབ་ཆགས་ལྟ་སྐོར་འདེམས་སྒྲུག་སོགས་ཀྱི་བྱེད་སྒོ་ལ་སྤྱི་ཚོགས་ཀྱིས་གདེང་འཇོག་རྒྱ་ཁྱབ་ངང་ཐོབ་པ་དང་། སྤྱི་དམངས་འབོར་ཆེན་བདེ་ཆེན་དུ་བསྐྱོད་ནས་རང་བྱུང་ཉམས་ལེན་བྱེད་པ། སྣོད་བཅུད་ལོངས་སྤྱོད་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་ལ་རང་ཁུལ་གྱི་ཕུན་སུམ་ཚོགས་ལ་དམིགས་བསལ་གྱི་ཡིད་དབང་འཕྲོག་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་མངོན་པ་དང་། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཆེད་ལས་ཤུགས་རྐྱེན་བཏོད་ཡོད།
ཚོགས་འདུའི་ཐོག་ཁུལ་ནགས་ཚལ་རྩྭ་ཐང་ཅུས་དང་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱིས་ད་དུང“དུས་བཞི་བདེ་ཆེན་དུ་ཡུལ་སྐོར་བྱེད”དང་སེམས་ཀྱི་ཉི་ཟླའི་བྱ་རིགས་ལྟ་སྐོར་གྱི་བྱེད་སྒོའི་ཉིན་རེའི་ལས་རིམ་བཀོད་སྒྲིག་དང་དེ་བཞིན་འདབ་ཆགས་ལྟ་སྐོར་འགྲན་བསྡུར་གྱི་ལམ་ཐིག་བཀོད་སྒྲིག་སོགས་ཀྱི་ནང་དོན་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པ་རེད།