བོད་ཀྱི་ལོ་གསར་མཚན་ཚོགས་སྟོན་པའི་དུས་ཚོད་གཏན་འཁེལ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-12   རྩོམ་ཁུངས།    中央广播电视总台藏语

        སྤྱི་ཚེས་10ཉིན་གྱི་ཕྱི་དྲོར། སྤྱི་ལོ་2025ལོའི་བོད་ཤིང་སྦྲུལ་ལོའི་མཉམ་སྤྲོའི་ལོ་གསར་མཚན་ཚོགས་ཀྱི་གསར་འགྱུར་འགྲེམ་བསྒྲགས་ཚོགས་འདུ་བོད་ལྗོངས་ཟློས་གར་ཁང་དུ་འཚོགས་ཡོད།

图片

        འོ་ན། ད་ལོའི་བོད་ཀྱི་ལོ་གསར་མཚན་ཚོགས་ལ་བལྟ་རིན་ཡོད་པ་དང་རེ་སྒུག་བྱ་རིན་ཡོད་པ། དེ་བཞིན་བཀྲག་མདངས་འཚེར་ས་གང་དག་ཡོད་དམ་ཞེ་ན། དེའི་ཐད་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་གཞོན་སྐྱེས་འཁྲབ་ཁྲིད་པ་བསྟན་འཛིན་སྒྲོལ་དཀར་གྱིས། ད་ལོའི་བོད་ཀྱི་ལོ་གསར་མཚན་ཚོགས་ནི་སྐད་གྲགས་ཡོད་པའི་འཁྲབ་སྟོན་པ་མང་ཤོས་དང་འཁྲབ་སྟོན་མི་སྣ་མང་ཤོས་ཀྱི་ལོ་གསར་མཚན་ཚོགས་ཤིག་རེད།  སྤྱི་ལོ་2025ལོའི་བོད་ཀྱི་ལོ་གསར་མཚན་ཚོགས་ཐོག་འཁྲབ་སྟོན་མི་སྣ་3000ལྷག་གིས་བོད་ལྗོངས་རིག་གནས་ཀྱི་སྣ་མང་རང་བཞིན་དང་ཁོག་ཡངས་རང་བཞིན་གཟིགས་མོ་བའི་སྤྱན་ལམ་དུ་འབུལ་རྒྱུ་རེད། དཔེར་ན། མཚན་ཚོགས་ནང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་རྒྱུན་འཛིན་པས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དང་སྒྱུ་རྩལ་འགྲེམས་སྟོན་བྱ་རྒྱུ་རེད་ལ། ད་དུང་བོད་ལྗོངས་ཀྱི་གཞོན་སྐྱེས་སྒྱུ་རྩལ་མཁས་པས་གསར་རྩོམ་གྱི་མྱོང་བ་བརྗོད་པའང་ཡོད། མཚན་ཚོགས་ནང་། གཅིག་ནས་བོད་ལྗོངས་ཀྱི་ཁྱད་ཆོས་མངའ་བའི་བཅོས་མིན་དམངས་གཞས་ཡོད་ལ། དེང་རབས་ཀྱི་ཞབས་བྲོའི་སྒྱུ་རྩལ་འདྲེས་པའི་བརྩམས་ཆོས་རྩེ་གྲ་ཡང་ཡོད་པས། མཚན་ཚོགས་དེ་ནི་མི་རྣམས་ནས་མཉམ་དུ་དགའ་གཏོང་བྱེད་ཅིང་། ཀུན་གྱིས་མཉམ་སྤྱོད་བྱེད་པའི་རིག་གནས་ཀྱི་རྒྱས་འཛོམས་ཤིག་ཏུ་གྱུར་རྒྱུ་སྨོས་མེད་རེད་ཅེས་གསུངས་ཡོད། 

图片

        གཞོན་སྐྱེས་འཁྲབ་ཁྲིད་པ་བསྟན་འཛིན་སྒྲོལ་དཀར་གྱིས། ད་ལོའི་མཚན་ཚོགས་ནི་གར་སྟེགས་ཀྱི་གཞི་ཁྱོན་ཆེ་ཤོས་དང་དྲོ་སྐྱིད་ལྡན་པའི་ལོ་གསར་མཚན་ཚོགས་ཤིག་རེད། ད་ལོའི་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱིས་ཚོགས་ར་གཙོ་བོ་གཉིས་ཀྱི་རྣམ་པ་སྤྱད་ཡོད། དེ་ཡང་། དཔྱིད་གསར་མཚན་ཚོགས་ཀྱི་ལྷ་སའི་ཡན་ལག་ཚོགས་རའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཐོག་གི་གར་སྟེགས་དང་ཡན་ལག་ཚོགས་རའི་ཇུས་འགོད་ཚོགས་པའི་སྟོབས་ཤུགས་ལ་བརྟེན་ནས་རྔམ་བརྗིད་ཆེ་ཞིང་ལྟད་མོ་ཆེ་བའི་བོད་ཀྱི་ལོ་གསར་མཚན་ཚོགས་པར་ལེན་སྒྲིག་བཟོ་བྱས་ཡོད། དུས་མཚུངས་སུ། བོད་ལྗོངས་ཟློས་གར་ཁང་ཆེན་མོར་མི་རིགས་མཐུན་སྒྲིལ་གྱི་བོད་ལུགས་སྒོ་ར་ཆེན་པོ་རྨང་གཞིར་བཟུང་བའི་གར་སྟེགས་ཆེན་མོ་ཇུས་འགོད་བྱས་ཏེ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཐོག་གི་གར་སྟེགས་ཆེན་མོ་དང་མཉམ་འགུལ་བྱས་པ་བརྒྱུད། གློག་འོད་དང་པར་རིས། དངོས་ལྗོངས་སོགས་སྣོན་འདྲེས་ཀྱི་རྣམ་པའི་ཐོག་ནས་གཟིགས་མོ་བ་ཚོར་དྲོ་སྐྱིད་ལྡན་པའི་དགུ་ཐུག་གི་རྣམ་པ་ཉམས་སུ་མྱོང་དུ་འཇུག་རྒྱུ་དང་། དུས་མཚུངས་སུ་བོད་ལྗོངས་ཉིད་ཡར་ངོའི་ཟླ་ལྟར་འཕེལ་བའི་མཛེས་རིས་ཀྱང་ཚོར་ཐུབ་པ་བྱ་རྒྱུ་རེད་ཅེས་དང་། ཁོང་གིས། ད་ལོའི་བོད་ཀྱི་ལོ་གསར་མཚན་ཚོགས་ནི་ལོ་རྒྱུས་ཐོག་ཚན་རྩལ་གཞི་རྒྱུ་འདུས་ཚད་མཐོ་ཤོས་དང་སྒྲ་དང་གཟུགས་ཀྱི་ཉམས་ལེན་ལེགས་པའི་མཉམ་སྤྲོའི་མཚན་ཚོགས་ཤིག་རེད་ཅེས་ངོ་སྤྲོད་གནང་ཡོད།

图片

        སྤྱི་ལོ་2025ལོའི་བོད་ཤིང་སྦྲུལ་ལོའི་མཉམ་སྤྲོའི་ལོ་གསར་མཚན་ཚོགས་ཀྱི་ཞབས་བྲོའི་རིགས་ཀྱི་ལེ་ཚན་ནང་བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་དམངས་ཁྲོད་ཞབས་བྲོ་བསྡུས་ཡོད་ལ།  འཁྲབ་ཚན་ཐུང་གྲས་དང་དགོད་བྲོའི་གཏམ་གླེང་སོགས་སྐད་བརྡའི་རིགས་ཀྱི་ལེ་ཚན་9དང་། བརྙན་ཐུང་8   གླུ་གར་རིགས་ཀྱི་ལེ་ཚན་45ཡོད་པ་རེད། འཁྲབ་སྟོན་པའི་གྲས་སུའང་བོད་ལྗོངས་ཀྱི་སྒྱུ་རྩལ་མཁས་པ་ཡོད་པ་ཕུད། ད་དུང་ལེའུ་ཐའོ་དང་། ཀུང་ལིན་ནཱ། བསྟན་འཛིན། ཅའ་ཡོན་ཅི་ཧྭ་སོགས་གྲགས་ཅན་སྒྱུ་རྩལ་པ་ཡང་གདན་ཞུ་བྱས་ཡོད་པས་ཁོང་རྣམ་པས་ཀྱང་ངོ་མཚར་ལྟད་མོ་གཟིགས་མོ་བའི་སྤྱན་ལམ་དུ་འབུལ་རྒྱུ་རེད།

图片

        སྤྱི་ལོ་2025ལོའི་བོད་ཤིང་སྦྲུལ་ལོའི་མཉམ་སྤྲོའི་ལོ་གསར་མཚན་ཚོགས་དེ་སྤྱི་ལོ་2025ལོའི་ཟླ་བ་2ཚེས་27ཉིན་ཏེ་བོད་ཟླ་12ཚེས་29ཉིན་གྱི་དགོང་མོའི་ཆུ་ཚོད་8ཐོག་དངོས་སུ་སྟོན་རྒྱུ་དང་།  ལེ་ཚན་ཡང་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་དཔར་མ་དང་བོད་སྐད་དཔར་མ་གཉིས་ཀྱི་ཐོག་ནས་སྟོན་རྒྱུ་ཡིན་པ་རེད།