ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་ཀར་ཞིབ་དཔྱད་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-14   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་10ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་ཀ་ལ་སྐུལ་འདེད་གཏོང་ཚུལ་གྱི་ཡུལ་དངོས་སུ་ཞིབ་དཔྱད་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་དབྱི་པིན་གྲོང་ཁྱེར་ཅུན་ལན་རྫོང་དུ་རི་ཉིལ་བའི་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་གཏིང་ཟབ་ཏུ་སློབ་སྦྱོང་ལག་བསྟར་བྱེད་ནས་མི་དམངས་ལྟེ་བར་འཛིན་པའི་འདུ་ཤེས་བརྟན་པོར་འཛུགས་པ། སྟོབས་ཤུགས་གང་ཡོད་ཀྱིས་འཇོལ་རྫོང་མཁར་གྱི་ས་གཤིས་ཀྱི་གནོད་སྐྱོན་འགོག་བཅོས་དང་ཉེན་གཡོལ་གནས་སྤོ་ལས་ཀའི་གོམ་སྟབས་མགྱོགས་སུ་གཏོང་དགོས་པའི་ནན་བཤད་གནང་།

    

    ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་ལི་ཡན་ལན་ཞིབ་དཔྱད་དུ་ཞུགས།

    ཞིབ་དཔྱད་ཐོག་ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་ས་གཤིས་ཀྱི་གནོད་སྐྱོན་ཉེན་གཡོལ་གནས་སྤོ་ལས་ཀའི་འབྲེལ་ཡོད་འཆར་འགོད་དང་གནས་སྤོ་བྱེད་སྟབས། རྒྱ་ཁྱོན་འབྲེལ་བ། ལས་ཀའི་བྱེད་ཚད་སོགས་གནས་ཚུལ་ནན་པོར་ཉན་པ་མ་ཟད། སྡོད་དམངས་ཀྱི་ཁྱིམ་ནང་ཟབ་ཞུགས་བྱས་ནས་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་བྱས་པ་དང་མང་ཚོགས་ཀྱི་ཞུ་རེ་འདྲི་ཞིང་མཛུབ་སྟོན་བསམ་འཆར་དང་བླང་བྱ་བཏོན་པ།

    ལུའོ་ཁྲའོ་ཧྥེང་གིས་ཁུལ་རིམ་འབྲེལ་ཡོད་སྡེ་ཁག་དང་འཇོལ་རྫོང་གིས་སྔར་ལས་ལྷག་པར་བསམ་བློ་ངོས་འཛིན་གཏིང་ཟབ་བྱེད་པ་དང་སྟོབས་ཤུགས་གང་ཡོད་ཀྱིས་གནས་སྤོའི་ལས་ཀ་ནུས་ཆེའི་ངང་ལག་བསྟར་བྱེད་པ་ལ་སྐུལ་འདེད་གཏོང་དགོས། གོང་ལ་སྙན་ཞུ་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱུ་ཆའི་འགན་སྲུང་ཡག་པོ་སྒྲུབ་དགོས། རྣམ་གྲངས་ཀྱི་དུས་འགོའི་ལས་ཀ་ལ་སྐུལ་འདེད་གཏོང་དགོས། སྲིད་ཇུས་དྲིལ་བསྒྲགས་རྒྱུན་མཐུད་ངང་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་གཤིས་ཀྱི་གནོད་སྐྱོན་ཉེན་གཡོལ་གནས་སྤོའི་ལས་ཀའི་དམིགས་འབེན་དང་དོན་སྙིང་ཞིབ་ཕྲ་བཤད་ནས་མང་ཚོགས་འཛེམ་ཟོན་སེལ་བ། འདུ་ཤེས་བསྒྱུར་བར་སྣེ་ཁྲིད་བྱེད་དགོས། སྲིད་ཇུས་དམ་པོར་འབྲང་ནས་གནས་སྤོའི་ལས་འགན་དུས་ལྟར་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱུང་བར་སྣེ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་།

    ལུའོ་ཁྲའོ་ཧྥེང་གིས་སྔོན་ཚུད་ནས་དོགས་ཟོན་བྱ་ཐབས་ཡག་པོ་སྒྲུབ་པ། ས་གཤིས་ཀྱི་གནོད་སྐྱོན་སྔོན་འགོག་དྲིལ་བསྒྲགས་སློབ་གསོ་དང་ཉེན་གཡོལ་ནང་སྦྱོང་ལས་ཀ་བྱེད་ཤུགས་ཆེར་གཏོང་དགོས། མང་ཚོགས་ཀྱི་ས་གཤིས་ཀྱི་གནོད་སྐྱོན་སྔོན་འགོག་འདུ་ཤེས་མཐོ་རུ་གཏོང་དགོས། གནོད་འགོག་ཉེན་གཡོལ་རང་སྐྱོབ་དང་ཕན་ཚུན་སྐྱོབ་པའི་ནུས་ཤུགས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན།

ཁུལ་འགོ་ཁྲིད་ཁྲིན་ཆོན། ཁུལ་རིམ་འབྲེལ་ཡོད་སྡེ་ཁག འཇོལ་རྫོང་གི་འགན་འཁུར་བློ་མཐུན་ཞིབ་དཔྱད་དུ་ཕེབས།