རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-14   རྩོམ་ཁུངས།    中央广播电视总台藏语
ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་APPཐོག་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་སྨན་རྫས་དང་སྨན་བཅོས་མཁོ་ཆས་ཀྱི་ཁུངས་འདེད་ཆ་འཕྲིན་འདྲི་རྩད་བྱེད་ས་དངོས་སུ་བཏོན་ཡོད། སྨན་ཉོ་མཁན་གྱིས་སྨན་སྣོད་སྒམ་ཆུང་ཐོག་གི་སྨན་རྫས་ཁུངས་འདེད་ཨང་རྟགས་བཤེར་འབེབས་བྱས་ཚེ་སྨན་རྫས་དེའི་འབྲེལ་ཡོད་ཆ་འཕྲིན་ཤེས་རྟོགས་བྱེད་ཐུབ། མིག་སྔར། ཉིན་ལྟར་མི་ཐེངས་ཁྲི་3.3ལ་ཉེ་བས་བྱེད་ནུས་འདི་སྤྱད་དེ་སྨན་རྫས་ཕྱིར་འཚོང་ཆ་འཕྲིན་ཐད་འདྲི་རྩད་བྱེད་ཀྱི་ཡོད།
སྨན་རྫས་ཁུངས་འདེད་ཨང་རྟགས་ནི་སྨན་རྫས་སྒམ་ཆུང་རེ་རེའི་གློག་རྡུལ་ཐོབ་ཐང་ལག་ཁྱེར་ལྟ་བུ་ཡིན་པས་སྨན་རྫས་རེ་ལ་ཨང་རྟགས་གཅིག་རེ་མ་གཏོགས་མེད། སྨན་རྫས་སྒམ་ཆུང་གཅིག་གི་ཁུངས་འདེད་ཨང་རྟགས་ལ་ཕྱིར་འཚོང་ཟིན་ཐོ་གཅིག་མ་གཏོགས་ཡོད་མི་རུང་། གལ་ཏེ་བསྐྱར་ཟློས་ཐེངས་མང་བྱུང་ན་སྨན་རྫུན་མ་དང་། ཕྱིར་ལོག་སྨན་རྫས་སམ་ཡང་ན་ཉོ་ཚོང་ཐེངས་མང་བྱས་པའི་སྨན་རྫས་ཡིན་པའི་ཉེན་ཁ་ཡོད།
སྤྱི་ལོ་2024ལོའི་ཟླ་4པ་ནས་བཟུང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ནུས་ཤུགས་ཡོད་རྒུས་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་སྨན་རྫས་ཀྱི་ཁུངས་འདེད་ཆ་འཕྲིན་འཚོལ་བསྡུ་དང་བེད་སྤྱོད་པའི་ལས་དོན་སྤེལ་བ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། སྤྱི་ལོ་2025ལོའི་ཟླ་1ཚེས་16ཉིན་བར། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་ཁུངས་འདེད་ཨང་གྲངས་ཁྱོན་དུང་ཕྱུར་158.06ཟིན་པ་དང་། རྒྱལ་ཡོངས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ཁྲི་88.09དང་མཐུད་འཇུག་བྱས་ཡོད་ཅིང་མཐུད་འཇུག་བྱེད་ཐུབ་ཚད་བརྒྱཆ་94.7ཟིན་ཡོད།
སྨན་ཉོ་མཁན་གྱིས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་ཀྱི་APPཕབ་ལེན་ཐོ་འགོད་བྱས་རྗེས། སྨན་བཅོས་འགན་བཅོལ་ནང་ཞུགས་པའི་སྨན་རྫས་ཀྱི་ཁུངས་འདེད་ཆ་འཕྲིན་འདྲི་རྩད་ཅེས་པ་བཤེར་འབེབས་བྱེད་པའམ་ཡང་ན་ཁུངས་འདེད་ཨང་གྲངས་ནང་འཇུག་བྱས་ནས་འདྲི་རྩད་བྱེད་ཆོག གལ་ཏེ་འདྲི་རྩད་བྱས་པའི་ཐོན་རྫས་དེ་ཕྱིར་འཚོང་ཐེངས་མང་བྱས་པའི་དོགས་གཞི་ཡོད་ཚེ། མང་ཚོགས་ཀྱིས་ཆ་འཕྲིན་འདི་གཞིར་བཟུང་འབྲེལ་ཡོད་བཅའ་ཁྲིམས་དོན་ཚན་གྱི་བླང་བྱ་ལྟར་སྨན་རྫས་དེ་ཕྱིར་འཚོང་བྱས་པའི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་གུན་གསབ་འཇལ་དགོས་པའི་རེ་ཞུ་བྱ་ཆོག
གཅིག བཤེར་ངོས་སུ་གལ་ཏེ་ཐོན་རྫས་འདིའི་ཕྱིར་འཚོང་ཆ་འཕྲིན་འདྲི་རྩད་བྱ་ཐབས་བྲལ་ཞེས་ཐོན་ཚེ། སྨན་རྫས་ཕྱིར་འཚོང་སྒྲིག་གཞི་དེས་བླང་བྱ་ལྟར་ཁུངས་འདེད་ཆ་འཕྲིན་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་སྟེགས་བུར་བསྐུར་མེད་པས། སྨན་ཉོ་མཁན་གྱིས་སྨན་རྫས་ཕྱིར་འཚོང་སྒྲིག་གཞི་དེར་སྨན་རྫས་ཡོང་ཁུངས་ཀྱི་འཛིན་ཡིག་འདོན་དགོས་པའི་བླང་བྱ་བཏོན་ནས། སྨན་རྫས་ཉེན་མེད་དང་ཡོང་ཁུངས་ཁྲིམས་མཐུན་ཡིན་པར་འགན་ལེན་བྱེད་དུ་འཇུག་ཆོག
གཉིས། བཤེར་ངོས་སུ་གལ་ཏེ་སྨན་རྫས་ཕྱིར་འཚོང་ཆ་འཕྲིན་གཅིག་འདྲི་རྩད་ཐུབ་པ་ཞེས་ཐོན་པ་དང་། ཁུངས་འདེད་ཨང་གྲངས་དེར་བརྟེན་པའི་སྨན་རྫས་ཀྱི་སྤྱི་སྤྱོད་མིང་དང་། ཚོང་ཟོག་གི་མིང་། ཚད་གཞི། ཐོན་སྐྱེད་ཁེ་ལས། གཞི་གྲངས་གསར་སྒྱུར་དུས་ཚོད་སོགས་ཀྱི་ཆ་འཕྲིན་ཐོན་ཚེ། སྨན་རྫས་ཀྱི་འབྱུང་ཁུངས་ནི་ཚད་ལྡན་དང་ཁྲིམས་མཐུན་ཡིན་པས་ནད་པས་བློ་བདེ་པོའི་ངང་བེད་སྤྱོད་བྱེད་ཆོག
གསུམ། བཤེར་ངོས་སུ་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་ཕྱིར་འཚོང་ཆ་འཕྲིན་ཐེངས་མང་འདྲི་རྩད་ཐུབ་པ་ཞེས་ཐོན་པ་དང་། ཉེ་ཆར་ཐེངས་ཁ་ཤས་ཕྱིར་འཚོང་བྱེད་པའི་ཟིན་ཐོ་ཐོན་ཚེ། འདྲི་རྩད་བྱེད་པའི་སྨན་རྫས་ཕྱིར་འཚོང་ཐེངས་མང་བྱས་པའི་དོགས་གཞི་ཡོད་པས། མང་ཚོགས་ཀྱིས་ཆ་འཕྲིན་དེར་གཞིགས་ཏེ<<སྨན་རྫས་དོ་དམ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས>>དང་། <<འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས>>སོགས་ཀྱི་འབྲེལ་ཡོད་དོན་ཚན་གཞིར་བཟུང་། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་གུན་གསབ་འཇལ་དགོས་པའི་རེ་བ་འདོན་ཆོག
རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། རྒྱ་ཆེའི་མང་ཚོགས་ཚོས་བྱེད་ནུས་འདི་སྤྱད་དེ་སྨན་རྫས་ཀྱི་ཁུངས་འདེད་ཨང་གྲངས་བཤེར་བ་དང་། སྨན་རྫས་བྲིན་ཚོང་གི་ཆ་འཕྲིན་ལ་ཞིབ་བཤེར་བྱེད་པ། སྨན་རྫས་བདེ་འཇགས་དོ་དམ་ནང་མཉམ་ཞུགས་བཅས་བྱས་ཏེ། སྨན་སྤྱོད་བདེ་འཇགས་དང་སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་འདུག