ཁུལ་དམངས་ཚོགས་རྒྱུན་ཨུའི་2024ལོའི་ལས་དོན་ལ་ཕྱིར་མིག་བལྟས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ལོ་གསར་སླེབས་པས་ཕྱོགས་ཡོངས་ལ་གསོན་ཤུགས་གསར་བ་རྒྱས་ཡོད་པ་དང་།  ཁུལ་ཡོངས་ཀྱི་མི་དམངས་ཀྱི་རེ་འདུན་བསྣམས་ནས་ཟླ་2པའི་ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། ལོ་གཅིག་རིང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས།    རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ཁག་ནན་ཏན་གྱིས་ལག་བསྟར་བྱས་ནས་ས་གནས་ཀྱི་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།
    ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་དམ་འཛིན་བྱས་པ།     
    ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་མི་དམངས་འཐུས་ཚོགས་ལས་དོན་གྱི་ཆེས་མཐོའི་ཆབ་སྲིད་རྩ་དོན་དུ་བརྩིས་ནས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དམ་འཛིན་བརྟན་པོ་བྱས་ཡོད།     རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་ཚོགས་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་འགན་འཁྲི་སྒྲུབ་པའི་སྒུལ་ཤུགས་སྟོབས་ཆེན་དང་།    དྲང་སྲུང་གསར་གཏོད་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་དགོས།     དུས་མཚུངས་སུ་མི་དམངས་འཐུས་ཚོགས་རིམ་པ་ཁག་གི་འཐུས་མི་སྒྲིག་འཛུགས་བྱས་ནས་མང་ཚོགས་ཀྱིས་མཐོང་ཐོས་དགའ་བའི་དྲིལ་བསྒྲགས་བྱེད་སྟངས་ལ་བརྟེན་ནས་དྲིལ་བསྒྲགས་བྱེད་དགོས་པར་བསྟན་ཡོད།    
    ལོ་གཅིག་རིང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ཆབ་སྲིད་ཀྱི་གནས་བབ་དང་ཆབ་སྲིད་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་།    མཛུབ་སྟོན་རེ་ཞུ་དང་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་བླངས་པ་དང་དོན་འཁྱོལ་བྱས་པ་རེད།    
    བཅའ་ཁྲིམས་ཡག་པོ་བཅོས་སྐྱོང་མཐའ་འཁྱོངས་བྱས་ནས་ཁྲིམས་སྐྱོང་གི་ནུགས་ཤུགས་ལ་བརྟེན་ཏེ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།     
རང་ཁུལ་གྱི་ཁྲིམས་འཛུགས་འཕེལ་རིམ་ལ་ཕྱིར་མིག་བལྟས་ན།    མི་རིགས་མཐུན་སྒྲིལ་ཡར་ཐོན་དང་།    སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་།    གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་དོ་དམ་སོགས་ཀྱི་དོན་དག་ལ་དམིགས་ནས་ཆེད་དོན་ཁྲིམས་འཛུགས་བྱས་ཏེ།    ཁྲིམས་འཛུགས་དེ་དུས་རབས་དང་དུས་མཉམ་དང་།    བསྒྱུར་བཅོས་དང་ཟློས་མཐུན།    ལག་ལེན་དང་གཅིག་མཚུངས་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།     
    འདས་ཟིན་པའི་ལོ་གཅིག་ནང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་སྲོལ་ཡིག(བཟོ་བཅོས་)》ཁྱབ་བསྒྲགས་ལག་བསྟར་བྱས་ནས་ཁུལ་ཡོངས་ཀྱིས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པར་ཁྲིམས་སྐྱོང་འགན་སྲུང་ནུས་ལྡན་མཁོ་འདོན་བྱས་ཡོད།     2023ལོའི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཐོ་འགོད་ཞིབ་བཤེར་ལས་དོན་གནས་ཚུལ་སྙན་ཞུ་ནན་ཏན་གྱིས་ཉན་པ་དང་གྲོས་ཞིབ་བྱས་ཏེ།    ལོ་ཧྲིལ་པོར་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁྱོན་བསྡོམས་4ཐོ་འགོད་ཞིབ་བཤེར་བྱས་པ་དང་།    ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡིག་ཆ་1ཐོ་འགོད་རེ་ཞུ་བྱས་པ།     ཁུལ་ཡོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་།    སྒྲིག་སྲོལ།    ཚད་ལྡན་རང་བཞིན་གྱི་ཡིག་ཆ་མཛོད་འཇུག་གསར་སྒྱུར་ལས་དོན་ནན་ཏན་གྱིས་ལེགས་པར་བསྒྲུབས་ཡོད།   ད་ཆ་རང་ཁུལ་གྱི་ཏང་ཨུའི་འགོ་ཁྲིད་དང་།    མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད་བྱེད་པ།    སྲིད་གཞུང་ལ་བརྟེན་པ།    ཕྱོགས་ཁག་ཞུགས་པ་བཅས་ཀྱི་ཁྲིམས་འཛུགས་ལས་དོན་གྱི་རྣམ་པ་སྔར་བས་འཐུས་ཚང་དུ་ཕྱིན་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་།     དམངས་གཙོ་ཁྲིམས་འཛུགས།    ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་བས་བཅའ་ཁྲིམས་བཟང་གིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་བཅོས་སྐྱོང་ལེགས་པོ་འགན་ལེན་བྱས་ཡོད།     
ཁྲིམས་ལྟར་ལྟ་སྐུལ་དང་ཞབས་འདེགས་ཞུ་བའི་ཁྱོན་ཡོངས་མཐའ་འཁྱོངས་བྱས་ནས་འགན་འཁྲི་མངོན་པ།
    འདས་ཟིན་པའི་ལོ་གཅིག་ནང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། སྨན་བཅོས་འགན་སྲུང་ལམ་ལུགས་བསྒྱུར་བཅོས། བཙན་ཤེད་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་སོགས་ལ་ལྟ་ཞིབ་བྱས་པ་དང་། ཁེ་ལས་ལ་རོགས་རམ་དང་དཀའ་ངལ་སེལ་སྲིད་ཇུས་དོན་འཁྱོལ་དང་། དཔྱིད་འདེབས་ཐོན་སྐྱོད། གྲོང་ཁྱེར་གྱི་བཙོག་ཆུ་སྦུག་ལམ་འཛུགས་སྐྲུན་གནས་ཚུལ་སོགས་ཆེད་དོན་བརྟག་ཞིབ་བྱས་པ་དང་། ཁྲིམས་འཛིན་ཞིབ་བཤེར་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བསྒྱུར་བཅོས་འགག་སྒྲོལ་ལས་འགན་དོན་འཁྱོལ་བྱ་རྒྱུར་རོགས་རམ་བྱས་པ་རེད།
    གཞན་ཡང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་བྱེད་སྒོ་ཚང་མར་ཞིབ་འཇུག་ནན་ཏན་བྱས་ནས་གྲོས་གཞི་ཁག་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད། ལྟ་སྐུལ་གྱི་གཞི་རྟེན་རང་འགུལ་ངང་གསར་གཏོད་བྱས་ནས་ལྟ་སྐུལ་ལས་དོན་ལ་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱེད་དགོས། ལག་ལེན་འཚོལ་ཞིབ་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་བསྡོམས་དང་སྦྱོང་བརྡར་གང་ལེགས་བྱས་ཏེ་རང་ཁུལ་གྱི་ཆེད་དོན་འདྲི་རྩད་ལས་དོན་ཁྲོད་སྤྱོད་གོ་ཆོད་པའི་བྱེད་སྟངས་དེ་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་གཏན་འཇགས་སུ་བཏང་ཡོད།
ཞབས་ཞུའི་འགན་སྲུང་ལེགས་སུ་བཏང་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་དུ་འཇུག་རྒྱུ་དེ་སྔར་བས་ཚོར་སྣང་ལྡན་པ།     
    ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྔ་རྗེས་སུ་བཏོན་པའི་འཐུས་མིའི་གྲོས་འགོ་109ཚང་མ་གཏན་འབེབས་ལྟར་སྒྲུབ་པ་དང་འབྲེལ་ཚུར་ལན་སྤྲད་ནས་སྒྲུབ་ཚད་100%ཟིན་པས།    ངོ་ཐུག་གྲོས་མོལ་དང་ངོ་ཐུག་བསྐྱར་ལན་གྱི་ལས་དོན་ཡོངས་སུ་ཁྱབ་པས།    འཐུས་མི་ངོ་མ་བློ་ཡིད་ཚིམ་པ་དང་མང་ཚོགས་ལ་ཕན་པ་ཐོབ་ཡོད།     
    ཚོགས་འདུ་མ་འཚོགས་གོང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིར་“བརྟག་ཞིབ་མེད་ན་གྲོས་འགོ་མི་འདོན་”ཞེས་པའི་ལས་ཀའི་ཕྱོགས་སྟོན་འཛུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་དང་ཚོགས་འདུ་འཚོགས་རྗེས་འཐུས་མིས་གྲོས་འགོ་སྒྲུབ་པའི་ལྟ་སྐུལ་ཆེན་པོའི་རྣམ་པ་མུ་མཐུད་འཐུས་ཚང་དུ་བཏང་བ་རེད།     དེ་དང་ཆབས་ཅིག་འཐུས་མིའི་གཙོ་གཟུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འཐུས་མིའི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་དང་རྒྱ་ཆེར་གཏོང་བ།    འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བཅས་བྱེད་པ།    ཞབས་ཞུའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།    བྱེད་སྒོའི་རྣམ་པ་གསར་གཏོད།    འགན་འཁྲི་སྒྲུབ་པའི་གཡུལ་ས་ཡག་པོ་འཛུགས་པ།    དམངས་འདོད་མཚོན་པའི་ཐབས་ལམ་ཤར་གཏོང་ཐུབ་པ།    འཐུས་མིས་འགན་འཁྲི་སྒྲུབ་པའི་ནུས་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།