ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་གནང་ནས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-02-24   རྩོམ་ཁུངས།   

གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ནང་སྲིད་སྲོལ་ཡིག》དང《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྒྲིག་ཁྲིམས་སྲོལ་ཡིག》《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རུ་སྟར་སྲོལ་ཡིག》བཅས་ཁྱབ་བསྒྲགས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་གནང་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ནང་སྲིད་སྲོལ་ཡིག》དང་། 《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྒྲིག་ཁྲིམས་སྲོལ་ཡིག》 《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རུ་སྟར་སྲོལ་ཡིག》(སྤྱི་མིང་ལ་ཐུན་མོང་སྲོལ་ཡིག་ཅེས་བརྗོད་པ)བཅས་ཁྱབ་བསྒྲགས་གནང་བ་དང་། 2025ལོའི་ཟླ་4ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད།

    གསར་དུ་བཟོ་བཅོས་བརྒྱབ་པའི་ཐུན་མོང་སྲོལ་ཡིག་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ནས་དུས་རབས་གསར་པར་ཏང་གིས་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་ཡོང་བ་དང་མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་ཕྱོགས་ཡོངས་ནས་སྐྲུན་པར་དམིགས་པ་དང་། དམག་གྲབས་དང་དམག་འཐབ་ལ་དམིགས་པ། དམག་དཔུང་གི་དོ་ཁུར་ལ་ལན་སློག་པ། དམག་དཔུང་གི་ནང་སྲིད་འཛུགས་སྐྱོང་དང་། སྒྲིག་ཁྲིམས་སྲུང་སྐྱོང་། རུ་སྟར་གྱི་འཚོ་བ་བཅས་ཀྱི་ལམ་ལུགས་ཁག་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་ཞིང་། དེ་ནི་དུས་རབས་གསར་པའི་དམག་དཔུང་ཚད་ལྡན་ཅན་འཛུགས་སྐྱོང་གི་གཞི་རྩའི་ཁྲིམས་སྲོལ་དང་དམག་མི་ཡོངས་ཀྱིས་ཐུན་མོང་ཐོག་བརྩི་སྲུང་ཞུ་བའི་བྱ་སྤྱོད་ཀྱི་ཚད་གཞི་ཞིག་རེད།

    གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ནང་སྲིད་སྲོལ་ཡིག》ལ་ཁྱོན་ལེའུ་13དང་དོན་ཚན་311ཡོད་ཅིང་། གཙོ་བོ་དམག་མིའི་དམ་འཇོག་དང་། དམག་མིའི་འགན་འཁྲི། ཕྱི་ནང་གི་འབྲེལ་བ། དམག་དཔུང་གི་ཀུན་སྤྱོད་དང་སྒྲིག་ཁྲིམས། གུས་ལུགས་སོགས་ཀྱི་གཞི་རྩའི་ཚད་གཞི་འཐུས་སྒོ་ཚང་དུ་བཏང་བ་དང་། ལས་རེས་དང་། ནང་སྲིད་བཀོད་སྒྲིག དགོངས་ཞུ་དང་དགོངས་དུས་ཐིམ་ཞུ། དམག་སྒར་དུ་ཞག་སྡོད་སོགས་རྒྱུན་གཏན་ལམ་ལུགས་ལེགས་སུ་བཏང་བ། རྒྱུན་གཏན་དམག་གྲབས་དང་། དམག་དོན་སྦྱོང་བརྡར་དོ་དམ། རིག་ནུས་གློག་རྡུལ་སྒྲིག་ཆས་བེད་སྤྱོད་དོ་དམ། ཕྱི་རྒྱལ་གྱི་ལས་འགན་དཔུང་སྡེའི(ཡན་ལག་དཔུང་སྡེ)དོ་དམ་སོགས་ཀྱི་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ཡོད། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྒྲིག་ཁྲིམས་སྲོལ་ཡིག》ལ་ཁྱོན་ལེའུ་8དང་དོན་ཚན་193ཡོད་ཅིང་། གཙོ་བོ་དམག་འཁྲུག་སྐབས་དང་། ཞི་བདེའི་སྐབས། དམག་འཁྲུག་མིན་པའི་དམག་དོན་བྱ་སྤྱོད་གལ་ཆེན་བཅས་སུ་ཕྱེ་བ་དང་དམག་དཔུང་གི་བྱས་རྗེས་ཅན་ལ་གཟི་བརྗིད་མཚན་སྙན་དང་གཟེངས་བསྟོད་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་། དམག་དཔུང་གི་སྒྲིག་ཁྲིམས་ཆད་གཅོད་རྣམ་གྲངས་ལེགས་སུ་བཏང་བ་དང་། ཆད་གཅོད་ཆ་རྐྱེན་ཕུན་སུམ་ཚོགས་སུ་དང་ཞིབ་ཚགས་སུ་བཏང་བ། ནོར་འཛོལ་རུང་ལ་འགན་འཁྲི་རྩ་ཡང་གཏོང་བའི་ཞིབ་ཕྲའི་རྣམ་པ་དང་ཉེས་འདོན་ཞུ་གཏུག་དང་རྒྱུ་མཚན་ཞུ་འབུལ་གྱི་འབྲེལ་ཡོད་གོ་རིམ་ཚད་ལྡན་དུ་བཏང་ཡོད། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རུ་སྟར་སྲོལ་ཡིག》ལ་ཁྱོན་ལེའུ་8དང་དོན་ཚན་100ཡོད་ཅིང་། གཙོ་བོ་མཚོན་ཆ་གསར་པ་བཀོལ་སྤྱོད་དང་དམག་དུང་གཏོང་མཁན་གྱིས་དམག་དུང་གཏོང་བ་སོགས་ཀྱི་གཞི་རྩའི་ཚད་གཞི་གསར་དུ་བསྣན་པ་དང་། སྐམ་ཐོག་དམག་གཟིགས་དང་། མཚོ་ཐོག་དམག་གཟིགས། གྲུ་ཁར་དམག་གཟིགས། མཁའ་ཐོག་དམག་གཟིགས་བཅས་ཀྱི་ལག་བསྟར་ཚད་གཞི་འཐུས་སྒོ་ཚང་དུ་བཏང་བ། མཛད་སྒོའི་རིགས་ཕུན་སུམ་ཚོགས་སུ་དང་རྒྱ་བསྐྱེད་བཏང་ཡོད།

    གསར་དུ་བཟོ་བཅོས་བརྒྱབ་པའི་ཐུན་མོང་སྲོལ་ཡིག་ནང་རྒྱལ་ཁ་ཐོབ་ཐབས་བྱེད་པ་དེ་འགན་འཁྲི་ཆེ་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། དམག་གྲབས་དམག་འཐབ་དང་དམག་འཐབ་ལ་ཕྱོགས་པ་དང་དམག་འཐབ་ལ་དམིགས་པའི་གཞི་རྩའི་ཁ་ཕྱོགས་བཟོས་པ་དང་། ཁྲིམས་ལྟར་དམག་དཔུང་སྐྱོང་རྒྱུ་དེ་དམག་དཔུང་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་ལག་བསྟར་དོན་འཁྱོལ་མཐའ་འཁྱོངས་བྱས་ནས་དེ་བས་ཚད་ལྡན་གྱི་དམག་གྲབས་དང་། སྦྱོང་བརྡར། ལས་དོན། འཚོ་བ་བཅས་ཀྱི་སྒྲིག་ལམ་བཟོ་བར་སྐུལ་འདེད་བཏང་བ། དོ་དམ་ནན་པོ་བྱེད་པ་དང་བརྩེ་བ་ཟབ་མོ་འཆང་བ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་མི་དམངས་དམག་དཔུང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་མཐུད་དང་། དཔོན་དམག་གི་བྱེད་པོའི་གནས་བབ་ལ་བརྩི་འཇོག དམག་གྲབས་དམག་འཐབ་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་བཅས་བྱས་ཡོད། གསར་དུ་བཟོ་བཅོས་བརྒྱབ་པའི་ཐུན་མོང་སྲོལ་ཡིག་ཁྱབ་བསྒྲགས་དང་ལག་ལེན་བསྟར་བ་དེས་དམག་དཔུང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་འགྲོ་ངེས་རེད་ལ། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུར་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་དང་། དམག་རྒྱག་ཐུབ་པ་དང་བརྒྱབ་ན་རྒྱལ་ཐུབ་པ། ཁྲིམས་སྒྲིག་ནན་ལ་སྤྱོད་ཚུལ་དྲང་བའི་ཚད་གཞི་ལོན་པའི་དཔུང་སྡེ་ཞིག་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱས་ཏེ་རང་དམག་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། དམག་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།