རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-03   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།
ཉེ་དུས་ནི་ཆམ་རིམས་ཕོག་སླ་བའི་དུས་སྐབས་ཡིན་པས་མི་མང་པོས་ཆམ་རིམས་སྐོར་ལ་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། འོ་ན་ཆམ་རིམས་ཕོག་རྗེས་ཇི་ལྟར་བྱས་ན་མཇུག་འབྲས་ངན་པ་མི་ཐོན་པ་དང་ཉེན་ཁ་ཇི་ལྟར་འགོག་ཟོན་ལེགས་པོ་བྱེད་དགོས་ཤེ་ན་གསོ་རིག་མཁས་པས་འདི་ལྟར་གསུང་གིན་འདུག
གཅིག ཆམ་རིམས་འགོས་ཉེན་ཆེ་བའི་མི་ཚོགས་ཀྱིས་དོགས་ཟོན་ཆེན་པོ་བྱེད་དགོས། ཆམ་རིམས་ནི་སྤྱིར་བཏང་གི་ཆམ་པ་དང་མི་འདྲ་བར་འགོ་ཤུགས་ཆེ་བས། སྔར་ཡོད་ཀྱི་ནད་རྙིང་ཚབས་ལྕི་རུ་འགྲོ་བ་དང་མཉམ་དུ། གློ་ཚད་འཁྲིད་པ་དང་། སྙིང་ཚད་རྒྱས་པ། དབང་རྩའི་མ་ལག་ལ་གནོད་པ་སོགས་ཀྱི་འདུས་ནད་འབྱུང་སྲིད། དེ་བས་སྦྲུམ་མ་དང་། བྱིས་པ། རྒན་པ། ནད་རྙིང་ཡོད་པའམ་ཡང་ན་ནད་འགོག་ནུས་པ་ཞན་པའི་མི་ཚོགས་ལ་ཆམ་རིམས་འགོས་ཉེན་ཆེན་པོ་ཡོད་ཅིང་། ཆམ་རིམས་འགོས་རྗེས་ནད་གཞི་ལྕི་མོ་གཞན་དག་བསླང་སྲིད་པས་དོགས་ཟོན་ཆེན་པོ་བྱེད་དགོས། མི་ཚོགས་དེ་དག་གིས་ཕྱི་ལ་འགྲོ་དུས་ཁ་ཐུམ་རྒྱག་དགོས་པ་དང་། ཚོང་རའམ་ཡང་ན་ཚོང་འདུས་སོགས་འཚང་ཁ་ཆེ་ས་དང་རླུང་མི་རྒྱུ་བའི་གནས་སུ་ཉུང་ཙམ་འགྲོ་དགོས། ཆམ་རིམས་དང་སྤྱིར་བཏང་གི་ཆམ་པའི་དབྱེ་བ་ནི། ཆམ་རིམས་ཕོག་ན་སྤྱིར་བཏང་དུ་ཚ་བ་ཧྲེ་ཧྲི་ཏུའུ38.5ཡན་རྒྱས་པ་དང་། གློ་ལུ་བ་དང་མིད་པ་ན་བ་ལས་གཞན། ད་དུང་མགོ་ན་བ་དང་། ཤ་གནད་ལ་ཟུག་གཟེར་རྒྱག་པ། རྦད་དེ་ཐང་ཆད་པ་སོགས་ཀྱི་ནད་རྟགས་ཐོན་གྱིན་ཡོད།
གཉིས། ནད་རྟགས་ཚབས་ལྕི་མོ་ཡོད་ན་མྱུར་མོར་སྨན་ཁང་དུ་འགྲོ་དགོས། ཆམ་རིམས་ཕོག་པ་ཚང་མ་སྨན་ཁང་དུ་འགྲོ་མི་དགོས་པར་ནད་རྟགས་ཡང་བ་རྣམས་ཀྱིས་ཁྱིམ་དུ་ཚ་བ་དང་ཟུག་གཟེར་གཅོག་པ་དང་གློ་འཇགས་ལུད་སེལ་སོགས་ཀྱི་སྨན་འཐུང་ཚེ་སྤྱིར་བཏང་དུ་ཉིན་བདུན་ཡས་མས་ནང་དྲག་སྐྱེད་ཡོང་གིན་ཡོད། འོན་ཀྱང་ཚ་བ་ཧྲེ་ཧྲི་ཏུའུ39ཡན་རྒྱས་པ་དང་ཚ་བ་གཅོག་པའི་སྨན་འཐུང་ཡང་ཚ་བ་མ་འཇགས་པ། ཡང་ན་གློ་ལུ་བ་ཚབས་ཆེ་བ་དང་། དབུགས་ཧལ་བ། བྲང་ཁ་བསྡམས་པ། དབུགས་འགག་པ་སོགས་ཀྱི་ནད་རྟགས་ཚབས་ཆེན་ཐོན་པ། ཡང་ན་མགོ་བོ་ན་ཤུགས་ཆེ་བ་དང་། སྐྱུགས་པ། ཐམ་མེ་ཐོམ་མེར་གྱུར་པ་སོགས་ནད་རྟགས་བྱུང་ཚེ་འཕྲལ་དུ་སྨན་ཁང་དུ་འགྲོ་དགོས།
གསུམ། ནད་དང་བསྟུན་ནས་སྨན་བསྟེན་རྒྱུ་ཧ་ཅང་གལ་ཆེ། ཆམ་རིམས་ནི་ནད་དུག་འགོས་པ་ཡིན་པས་ཆུ་ཚོད48ནང་དམིགས་བསལ་གྱི་ནད་དུག་འགོག་པའི་སྨན་འཐུང་ན་ཕན་ནུས་ཡག་པོ་ཐོན་ཐུབ། དེ་དང་ཆབས་ཅིག་ཟས་སྤྱོད་སྤང་བླང་ལ་དོ་སྣང་བྱས་ནས་ཚན་རིག་དང་མཐུན་པའི་སྨན་བཅོས་བྱས་ཚེ་མྱུར་མོར་དྲག་སྐྱེད་ཡོང་བར་ཕན་ཐོགས་པ་ཡིན།
བཞི། ལོ་རེར་རིམས་འགོག་སྨན་ཁབ་རྒྱག་དགོས། ཆམ་རིམས་སྔོན་འགོག་ལ་ཕན་ཐོགས་ཤོས་དང་འགྲོ་སོང་ཆུང་ཤོས་ཀྱི་ཐབས་ཤེས་ནི་ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་བརྒྱག་རྒྱུ་དེ་རེད། ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་ན་ཆམ་རིམས་གཏན་ནས་འགོས་མི་སྲིད་ཅེས་བརྗོད་མི་ཐུབ་ཀྱང་ཆམ་རིམས་འགོ་ཚད་དང་དེའི་རྐྱེན་གྱིས་ཚབས་ཆེའི་འདུས་ནད་ཕོག་པའི་ཉེན་ཁ་མངོན་གསལ་གྱིས་ཇེ་ཆུང་དུ་འགྲོ་སྲིད།
དུས་རྒྱུན་འཚོ་བའི་ཁྲོད། ང་ཚོས་ཆུ་ཚ་མོས་རྐང་པ་སྦངས་པ་དང་ཆུ་ཁོལ་མང་ཙམ་འཐུང་བ། ཆུ་གྲང་མོས་ངོ་གདོང་བཀྲུ་བ། ལག་པ་འཕུར་བ། ཚྭ་ཆུས་ཁ་བཤལ་བ། ལུས་སྦྱོང་འོས་འཚམ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཆམ་རིམས་སྔོན་འགོག་བྱེད་དགོས།