ཁྱེད་རང་གི་རྣ་ལ་གཅེས་སྐྱོང་གནང་རྒྱུ་ནི་གལ་འགངས་ཆེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-04   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བོད་སྐད།

དེ་རིང་སྟེ། སྤྱི་ཟླ་3ཚེས་3ཉིན་ནི་རྒྱལ་ཡོངས་ཀྱི་རྣ་གཅེས་ཉིན་མོ་ཡིན། རྣ་བ་ནི་མི་ལུས་ཀྱི་ཚོར་བྱེད་དབང་པོ་གལ་ཆེའི་གྲས་ཤིག་ཡིན་པའི་ངོས་ནས། མི་རྣམས་ཀྱི་རྒྱུན་ལྡན་གྱི་འཚོ་བ་དང་བདེ་ཐང་ཐད་མེད་དུ་མི་རུང་བའི་ནུས་པ་ཐོན་བཞིན་ཡོད།

གོ་ལ་ཧྲིལ་པོའི་མི་དུང་ཕྱུར་15ལྷག་ཙམ་གྱི་ཉན་ནུས་ཉམས་བཞིན་པ། 

སྤྱི་ལོ་2021ལོར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི《འཛམ་གླིང་གི་ཉན་ནུས་སྙན་ཞུ》ལས་མངོན་པར། གོ་ལ་ཧྲིལ་པོའི་མི་ལྔ་ཆ་གཅིག་གི་ཉན་ནུས་ཉམས་ཞན་དུ་སོང་ནས་མི་དུང་ཕྱུར་15ལྷག་ཙམ་གྱི་འཚོ་བར་ཤུགས་རྐྱེན་ཐེབས་བཞིན་ཡོད། 

ང་ཚོའི་འཚོ་བའི་ཁྲོད་རྣ་བར་འཛེར་སྒྲ་དང་། ནད་རིགས། ཕྱི་རྨས་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས། ཉན་ནུས་ཚད་མི་འདྲ་བའི་སྒོ་ནས་ཉམས་ཞན་དུ་འགྲོ་བཞིན་ཡོད། འོ་ན་གནས་ཚུལ་གང་དང་གང་གིས་ཉན་ནུས་ཉམས་ཞན་དུ་འགྲོ་སྲིད་པ་དང་། ང་ཚོའི་ཉན་ནུས་ལ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་སམ།


གནས་ཚུལ་གང་དག་གི་རྐྱེན་པས་ཉན་ནུས་ཉམས་ཞན་དུ་འགྲོ་སྲིད་དམ། 

ཉན་ནུས་ཉམས་འགྲོ་བའི་རྒྱུ་རྐྱེན་ནི་ལྷན་སྐྱེས་རང་བཞིན་ཡིན་སྲིད་ལ། རྗེས་འབྱུང་རང་བཞིན་ཡང་ཡིན་སྲིད། མི་ཞིག་ལ་ཆ་མཚོན་ནས་བཤད་ན་རྗེས་འབྱུང་རང་བཞིན་གྱི་རྒྱུ་རྐྱེན་གྱིས་མི་ཚེའི་ལོ་ཚོད་གང་རུང་དུའང་ཉན་ནུས་ཉམས་ཞན་དུ་འགྲོ་སྲིད། དེ་དག་ཁྲོད་ཀླད་སྐྱིའི་ཚ་ནད་དང་། སིབ་བི། འགྲམ་རྨེན་ཚ་ནད་སོགས་འགོས་ནད་དང་། དལ་བའི་རང་བཞིན་གྱི་རྣ་བའི་འགོས་ནད། རྣ་བའི་ནང་དུ་གཤེར་ཁུ་གསོག་པ། འཛེར་སྒྲ་འབོར་ཆེན་དང་དུས་ཡུན་རིང་པོར་སྒྲ་ཚད་མཐོ་བའི་སྒྲ་སྒམ་བཀོལ་སྤྱོད་བྱེད་པ་སོགས་ཚུད་ཡོད་པ་དང་། རྒྱུ་རྐྱེན་དེ་དག་གིས་ཉན་ནུས་ཉམས་ཞན་དུ་འགྲོ་བར་ཤུགས་རྐྱེན་ཐེབས་སྲིད།


རང་ཉིད་ཀྱི་རྣ་བར་ཇི་ལྟར་སྲུང་སྐྱོབ་བྱེད་དགོས།

བྱིས་པའི་ངོས་ནས་བཤད་ན། ཉན་ནུས་ཉམས་ཞན་དུ་སོང་ཚེ། སྐད་བརྡའི་འཚར་སྐྱེ་ལ་ཤུགས་རྐྱེན་ཐེབས་སྲིད་པ་དང་།  གཞོན་ནུ་དང་དར་མ་ཚོའི་ངོས་ནས་བརྗོད་ན། ཉན་ནུས་ཉམས་ཞན་དུ་སོང་ཚེ། ལས་ཞུགས་དང་འབྲེལ་གཏུག་སོགས་ལ་ཤུགས་རྐྱེན་ཐེབས་སྲིད། རྒན་རྒོན་གྱི་ངོས་ནས་བཤད་ན། ཉན་ནུས་ཉམས་ཞན་དུ་སོང་ན། སྤྱི་ཚོགས་དང་ཁ་བྲལ་གྱི་ཚོར་བ་སྐྱེས་པ་དང་ཤེས་རྟོགས་ནུས་པ་ཇེ་ཞན་དུ་འགྲོ་བ་སོགས་ཡིན། དེས་ན། ང་ཚོས་ཇི་ལྟར་བྱས་ནས་ང་ཚོའི་ཉན་ནུས་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས་སམ་ཞེ་ན། 


ཕྲུ་གུ་དམར་འབྱར་གྱི་ཉན་ནུས་ལ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས། 

ཕྲུ་གུ་དམར་འབྱར་སྐྱེས་རྗེས་ཉན་ནུས་བརྟག་དཔྱད་ཀྱི་ཚད་མ་ལོན་ཚེ། ཟླ་བ་གསུམ་གྱི་ནང་དུ་དེ་མཚུངས་ཀྱི་ཉན་ནུས་རིག་པ་དང་གསོ་རིག་གཞན་པའི་དཔྱད་དཔོག་དང་ལེན་བྱས་ཏེ་བརྟག་དཔྱད་གསལ་པོ་བྱེད་དགོས། ཡུན་རིང་རང་བཞིན་གྱི་ཉན་ནུས་ཉམས་པའི་ངོས་འཛིན་བྱུང་ན། ཟླ་བ་དྲུག་གི་ནང་ཚུན་ནས་སྨན་བཅོས་བྱ་དགོས། 


གཞོན་ནུ་དང་དར་མའི་ཉན་ནུས་ལ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས།

ད་ལྟ་གཞོན་ནུ་དང་དར་མ་མང་པོ་ཞིག་གིས་རྒྱུན་དུ་རྣ་ཉན་སྤྱད་དེ་རོལ་དབྱངས་ཉན་པ་དང་རོལ་རྩེད་རོལ་བ་སོགས་བྱེད་ཀྱི་ཡོད། དུས་ཡུན་རིང་པོར་རྣ་ཉན་སྤྱད་ན་རྣ་བར་གནོད་སྐྱོན་ཕོག་ནས་ཉན་ནུས་ཇེ་ཞན་དུ་འགྲོ་སྲིད། གཞན་ཡང་ད་དུང་འཛེར་སྒྲ་ཆེ་དྲགས་པའི་ཁོར་ཡུག་ནང་དུས་ཡུན་རིང་པོར་འདུག་མི་རུང་། 


རྒན་རྒོན་གྱི་ཉན་ནུས་ལ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས།

ལོ་ན་ཆེ་རུ་སོང་བ་དང་བསྟུན་ནས། རྒན་རྒོན་གྱི་ཐོས་ཚོར་དབང་པོའི་བྱེད་ནུས་ལ་ཚད་མི་འདྲ་བའི་ཕྱིར་བཤོལ་རང་བཞིན་གྱི་འགྱུར་ལྡོག་འབྱུང་སྲིད། རྒན་རྒོན་གྱི་ཉན་ནུས་ཉམས་པའི་ཐོག་མའི་ངོས་འཛིན་དང་སྨན་བཅོས་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན། དེའང་རྒན་རྒོན་གྱི་གླེན་ནད་འབྱུང་བར་བཀག་འགོག་བྱེད་ཐུབ་པའི་ལྷུ་ཚིགས་ཉག་ཅིག་དེ་ཡིན། དེར་བརྟེན། དུས་བཀག་ལྟར་ཉན་ནུས་ལ་བརྟག་དཔྱད་བྱེད་པ་དང་། དགོས་ངེས་ཀྱི་སྐབས་སུ་ཉན་ཕན་ཡོ་བྱད་བསྒར་དགོས། གཞན་ཡང་ཉན་ཕན་ཡོ་བྱད་ཀྱི་ཞིབ་བཤེར་སྒྲིག་སྦྱོར་བརྒྱུད་རིམ་ཡང་ཧ་ཅང་གལ་ཆེ་སྟེ། དེས་ཉན་ཕན་ཡོ་བྱད་ཀྱིས་ནད་པ་མི་སྒེར་གྱི་དགོས་མཁོ་དང་འཚམ་མཐུན་ཡོང་བ་དང་། ཉན་ནུས་ཀྱི་རམ་འདེགས་ཕན་འབྲས་ལེགས་ཤོས་འདོན་སྤྲོད་ཐུབ་པར་ཁག་ཐེག་ཐུབ་ཀྱི་ཡོད།