རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
《 ཡུན་ནན་ཞིང་ཆེན་གྱི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་བྱ་ཐབས》2025ལོའི་ཟླ་3ཚེས་1ཉིན་ནས་དངོས་སུ་ལག་བསྟར་བྱས་པ་དེའི་ཐོག་ནས་ཡུན་ནན་ཞིང་ཆེན་གྱི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་འཕེལ་རྒྱས་དེ་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་དུས་མཚམས་གསར་པར་སླེབས་པ་མཚོན་གྱི་ཡོད་པ་རེད། 《བྱ་ཐབས》ནང་སྲོལ་རྒྱུན་གྲོང་ཚོའི་འབྲེལ་ཐག་ཧྲིལ་པོའི་སྲུང་སྐྱོང་དང་འཕེལ་རྒྱས་མ་ལག་འཛུགས་རྒྱུར་ཤུགས་ཆེན་བཏང་བ་དང་། མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་ཐོག་ནས་སྲོལ་རྒྱུན་གྲོང་ཚོའི“གསོན་རྣམ་རྒྱུན་འཛིན་”ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་རྒྱས་ཡོང་བར་རིག་གནས་ཀྱི་སྒུལ་ཤུགས་བསྣན་ནས་ལོ་ངོ་སྟོང་གི་རིག་གནས་རྒྱུད་ལ་དུས་རབས་གསར་པའི་འོད་མདངས་འཚེར་དུ་འཇུག་པར་འབད་བརྩོན་བྱས་ཡོད།
ཡུན་ནན་ཞིང་ཆེན་ལ་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་777ཡོད་པ་དང་གྲངས་འབོར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས་རྒྱལ་ཡོངས་ཀྱི་བསྡོམས་འབོར་གྱི་9.53%བཟུང་ཡོད། ཞིང་ཆེན་ཡོངས་ཀྱི་ཁུལ་(གྲོང་ཁྱེར)16དང་རྫོང་(གྲོང་ཁྱེར་དང་ཆུས་)110ལ་ཁྱབ་ཡོད་པས་ལོ་རྒྱུས་རིག་གནས་དང་མི་རིགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པོ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་འགལ་བ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།
《བྱ་ཐབས》བཏོན་པ་དེས་ཡུན་ནན་ཞིང་ཆེན་གྱི་སྲོལ་རྒྱུན་གྲོང་ཚོའི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་སྟོང་ཆ་ཁ་གསབ་བྱས་པ་མ་ཟད། ཡུན་ནན་ཞིང་ཆེན་གྱི་སྲོལ་རྒྱུན་གྲོང་ཚོའི་སྲུང་སྐྱོང་དོ་དམ་མ་ལག་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད། ཞིང་ཆེན་ཁྲིམས་འཛིན་ཐིང་དང་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྔར་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཚོལ་ཞིབ་བྱས་ཡོད་མོད། འོན་ཀྱང་ཞིང་ཆེན་ཡོངས་ཀྱི་རིམ་པས་འབྲེལ་ཡོད་གཏན་འབེབས་གཅིག་གྱུར་བྱས་ནས་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་མེད་པ་དང་འགན་འཁྲིའི་གཙོ་གཟུགས་རབ་རིབ་སོགས་ཀྱི་གནད་དོན་གཅིག་གྱུར་གྱིས་ཐག་གཅོད་བྱེད་དགོས་ཀྱི་ཡོད།
《བྱ་ཐབས》ལ་ཁྱོན་བསྡོམས་ལེའུ་6དང་དོན་ཚན་48ཡོད་པ་དང་། སྤྱིའི་སྒྲིག་སྲོལ་དང་། ངོས་འཛིན་དང་འཆར་འགོད། སྲུང་སྐྱོང་དང་ལྟ་སྐུལ། རྒྱུན་འཛིན་དང་འཕེལ་རྒྱས། བཅའ་ཁྲིམས་ཀྱི་འགན་འཁྲི། ཟུར་བཀོད་སྒྲིག་སྲོལ་བཅས་སུ་དབྱེ་ཡོད། འཆར་འགོད་དང་། དོ་དམ། འགན་སྲུང་བཅས་ཕྱོགས་གསུམ་གྱི་ཐད་ནས་གསར་གཏོད་བྱ་ཐབས་མང་པོ་བཏོན་པ་སྟེ། གཅིག་ནི་འཆར་འགོད་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་སྟེ། རྫོང་(གྲོང་ཁྱེར་དང་ཆུས་)མི་དམངས་སྲིད་གཞུང་གིས་སྲོལ་རྒྱུན་གྱི་གྲོང་ཚོ་སྲུང་སྐྱོང་བེད་སྤྱོད་ཀྱི་འཆར་འགོད་དམ་ཇུས་གཞི་བཟོ་རྒྱུའི་གཏན་འབེབས་བྱས་ཏེ། “འཆར་འགོད་མང་པོ་གཅིག་གྱུར་”གྱི་དངོས་སྤྱོད་རང་བཞིན་གྱི་གྲོང་ཚོའི་འཆར་འགོད་དམ་ཡང་ན་རྒྱལ་ཁབ་ས་ཆའི་བར་སྟོང་གི་འཆར་འགོད་ཞིབ་ཕྲ་བཟོ་སྐབས་ལྟེ་བའི་སྲུང་སྐྱོང་ཁྱབ་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་ཁུལ་སོགས་བར་སྟོང་དོ་དམ་ཚོད་འཛིན་དང་རྣམ་པ་དོ་དམ་ཚོད་འཛིན་གྱི་བླང་བྱ་ཁ་གསལ་བཟོ་དགོས། རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད“རི་མོ་གཅིག”ནང་བཅུག་ནས་ལྟ་སྐུལ་ལག་བསྟར་བྱས་ཏེ། སྲོལ་རྒྱུན་གྲོང་ཚོའི་རྣམ་པ་དང་རི་ཆུའི་རྣམ་པ་སྤྱི་ཡོངས་མཐུན་སྦྱོར་ཡོང་བའི་འགན་ལེན་བྱེད་དགོས། གཉིས་ནི་རིམ་པ་དབྱེ་བ་དང་རིགས་དབྱེ་ནས་སྲུང་སྐྱོང་བྱ་རྒྱུ་དང་། ཡུན་ནན་ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་ཚོའི་མིང་ཐོ་འཛུགས་རྒྱུ་དང་། སྔོན་ལ་ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་ཚོའི་ནང་ནས་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་འོས་སྦྱོར་རེ་ཞུ་བྱ་རྒྱུ། སྲོལ་རྒྱུན་གྲོང་ཚོའི་སྲུང་སྐྱོང་ཁྱབ་ཁོངས་ནང་གི་སྲོལ་རྒྱུན་འཛུགས་སྐྲུན་ལ་མིང་ཐོ་དོ་དམ་དང་སྒོ་བྱང་བསྒྲིགས་ནས་སྲུང་སྐྱོང་བྱ་རྒྱུ། སྲོལ་རྒྱུན་ལག་རྩལ་དང་སྲོལ་རྒྱུན་རྒྱུ་ཆ་སྤྱོད་རྒྱུར་སྐུལ་མ་གཏོང་རྒྱུ། གྲོང་གསེབ་འཛུགས་སྐྲུན་གྱི་བཟོ་པ་སྲུང་སྐྱོང་དང་ཉམས་གསོ་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་བཅས་རེད།
གསུམ་ནི་མ་དངུལ་སྣ་མང་འགན་སྲུང་བྱས་ཏེ། ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་ཁ་གསབ་མ་དངུལ་བཙུགས་ཏེ། ཁུལ་(གྲོང་ཁྱེར)དང་རྫོང་(གྲོང་ཁྱེར་དང་ཆུས་)ལ་ནོར་སྲིད་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་མ་ཟད། སྤྱི་ཚོགས་ཀྱི་མ་རྩ་ཞལ་འདེབས་དང་བོགས་མར་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཞུགས་རྒྱུར་སྐུལ་ལྕག་བྱས་ཏེ། “སྲིད་གཞུང་གིས་ཁྲིད་སྟོན་དང་སྤྱི་ཚོགས་ཞུགས་པའི”མ་འཇོག་ལམ་སྲོལ་ཆགས་སུ་འཇུག་དགོས། བཞི་ནི་འགུལ་རྣམ་ལྟ་སྐུལ་དོ་དམ་བྱས་ཏེ་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་གནས་ཚུལ་ལ་ལྟ་སྐུལ་དང་། ཞིབ་བཤེར། དཔྱད་དཔོག་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་གནད་དོན་ཤེས་རྟོགས་བྱུང་ན་དུས་ཐོག་ཡོ་བསྲང་དང་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས། ཉེན་བརྡ་ཕྱིར་འཐེན་ལམ་སྲོལ་བཙུགས་ཏེ《བྱ་ཐབས》ཀྱི་གཏན་འབེབས་དང་འགལ་བའི་འབྲེལ་ཡོད་བྱ་སྤྱོད་ལ་དེ་མཚུངས་ཀྱི་བཅའ་ཁྲིམས་འགན་འཁྲི་ཁ་གསལ་བཟོས་ཡོད།
《བྱ་ཐབས》ནང་སྲོལ་རྒྱུན་གྱི་འཇགས་རྣམ་སྲུང་སྐྱོང་བྱེད་སྟངས་ལས་བརྒལ་ཏེ། “གསོན་རྣམ་རྒྱུན་འཛིན་”དང་གྲོང་མི་གཙོ་བོར་འབུར་ཐོན་བྱས་ཏེ། “སྲུང་སྐྱོང་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་རྒྱུན་འཛིན་པ”ནན་བཤད་བྱས་ཡོད། གྲོང་མིའི་གཙོ་གཟུགས་ཀྱི་གོ་གནས་ལ་བརྩི་འཇོག་བྱེད་པའི་ཐད་སྲུང་སྐྱོང་བེད་སྤྱོད་འཆར་འགོད་སམ་ཇུས་གཞིར་ངེས་པར་དུ་གྲོང་མིའི་ཚོགས་འདུའི་ཐོག་གྲོས་བསྡུར་དང་མོས་མཐུན་བྱས་ཏེ་སྲོལ་རྒྱུན་གྲོང་ཚོ་ཧྲིལ་པོའི་སྲུང་སྐྱོང་དང་འཕེལ་རྒྱས་ཁྲོད་གྲོང་མིའི་ཁེ་དབང་འགན་སྲུང་བྱེད་པ་དང་སྲོལ་རྒྱུན་འཛུགས་སྐྲུན་གྱི་ཕྱི་ཚུལ་དང་རྣམ་པ་ལ་འགྱུར་ལྡོག་མི་གཏོང་བ་དང་གྲུབ་ཚུལ་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ནང་ཁུལ་གྱི་ནུས་པ་ལེགས་སུ་གཏོང་བ་དང་སྡོད་གནས་ཀྱི་སྤུས་ཚད་མཐོ་རུ་གཏོང་ཆོག་པའི་བླང་བྱ་བཏོན་ཡོད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ནུས་པ་འདོན་པའི་དཔལ་འབྱོར་ཐད་ཆ་རྐྱེན་དང་མཐུན་པའི་གྲོང་ཚོར་ཡུལ་སྐོར་དང་ཚོང་ལས་རྣམ་གྲངས་འོས་འཚམ་ངང་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཚན་རྩལ་གྱིས་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་ལ་རོགས་རམ་བྱེད་པའི་ཐད་མེ་གསོད་བདེ་འཇགས་དོ་དམ་བྱ་ཐབས་དོན་འཁྱོལ་དང་མེ་གསོད་བདེ་འཇགས་འགན་ལེན་ཇུས་གཞི་བཟོ་བ། མེ་གསོད་སྒྲིག་ཆས་དང་འཕྲལ་སྡོམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
“ང་ཚོས《བྱ་ཐབས》ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱས་ནས་འབྲེལ་ཡོད་གཙོ་གནད་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་རྒྱལ་ཡོངས་ཀྱི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་གི་‘ཡུན་ནན་དཔེ་མཚོན་’ནུས་ཤུགས་ཡོད་རྒྱུས་གཏོད་རྒྱུ་ཡིན”ཞེས་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ལེ་ལག་ཚང་བའི་སྲིད་ཇུས་ལམ་ལུགས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་ཚོ་ངོས་འཛིན་བྱེད་རྒྱུ་དང་། ལག་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གཙོ་གནད་ས་ཁོངས་སྲུང་སྐྱོང་འཕེལ་རྒྱས་ཀྱི་མཛུབ་ཁྲིད་དང་། སྲུང་སྐྱོང་བཅོས་སྒྲིག་གི་ཁྲིད་སྟོན་རྩ་དོན། རྣམ་གྲངས་འཛུགས་སྐྲུན་མཐོ་རུ་གཏོང་བའི་ཁྲིད་སྟོན་རྩ་དོན། གྲོང་གསེབ་ཀྱི་བཟོ་པ་དཔུང་ཁག་གསོ་སྐྱོང་བྱས་ཏེ་ཕྱིར་འཐེན་ལམ་སྲོལ་ལ་ཉེན་བརྡ་ནན་པོ་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཏུ་བཏང་ནས་“གྲོང་མི་གཙོ་གཟུགས་དང་། སྲིད་གཞུང་གི་ཁྲིད་སྟོན་། སྤྱི་ཚོགས་ཀྱི་རོགས་རམ་བཅས་ཀྱི་ཐོག་ནས་སྲོལ་རྒྱུན་གྱི་གྲོང་ཚོ་སྲུང་སྐྱོང་འཕེལ་རྒྱས་ཀྱི་དཔེ་མཚོན་ཁག་གཅིག་གཏོད་རྒྱུ་ཞེས་བསྟན་ཡོད།