ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་དུ་བརྟག་ཞིབ་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     ཟླ་3པའི་ཚེས་3ཉིན་གྱི་མཚན་མོར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་དུ་ཁེ་ལས་པ་དང་མཚན་གླེང་གནང་ནས། ངོ་ཐུག་གདོང་འཕྲད་ཀྱིས་ཁེ་ལས་ཀྱི་རེ་ཞུ་ཉན་ནས་ཁེ་ལས་ཀྱི་དཀའ་ངལ་ཐག་གཅོད་བྱས། ཁོང་གིས་ཁུལ་ཡོངས་རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དོན་འཁྱོལ་བྱེད་པ་དང་ཞིང་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་དང་ཚོང་འགུགས་གསར་གཏོད་མགྱོགས་སུ་གཏོང་བའི་ཚོགས་ཆེན་གྱི་བླང་བྱ་ནན་ཏན་གྱིས་དོན་འཁྱོལ་ལག་བསྟར་བྱེད། ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཁེ་ལས་བདེ་ཆེན་དུ་གནས་ཐུབ་པ་དང་འཕེལ་རྒྱས་ཡག་པོ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་།

སེམས་ཀྱི་ཉི་ཟླ་ཆང་ལས་མ་རྐང་ཚད་ཡོད་ཀུང་སི། སེམས་ཀྱི་ཉི་ཟླ་ཧྲུན་ཡོན་སྐྱེ་དངོས་སྨན་བཟོ་ཚད་ཡོད་ཀུང་སི། བདེ་ཆེན་གསར་སྤེལ་ཁུལ་གཙང་གསུམ་སྐྱེ་དངོས་སྨན་བཟོ་ཚད་ཡོད་ཀུང་སི།  སེམས་ཀྱི་ཉི་ཟླ་ཡུའེ་ཆིང་ལྕགས་རིགས་བསྲེས་མ་ཚད་ཡོད་ཀུང་སི་སོགས་ཁེ་ལས་9་ཡི་འགན་འཁུར་བས་སྔ་རྗེས་སུ་གཏམ་བཤད་གནང་ནས། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ངོ་སྤྲོད་བྱས་པ་དང་ཐོན་ལས་རིགས་སྒྱུར་རིམ་སྤར་དང་། ཚོང་རྟགས་གྲགས་ཅན་འཛུགས་སྐྲུན། ཤེས་ལྡན་མི་སྣ་ནང་འདྲེན། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སོགས་ལ་སྐུལ་འདེད་གཏོང་བར་བསམ་འཆར་དང་གྲོས་འགོ་བཏོན་པ།   ལུའོ་ཁྲའོ་ཧྥེང་གིས་ཁེ་ལས་པའི་གཏམ་བཤད་ལ་ནན་ཏན་གྱིས་ཉན་པ་དང་། དུས་ངེས་མེད་དུ་ཚང་མ་དང་སྤེལ་རེས་གནང་། ཐོན་ལས་གླིང་ཁུལ་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་ལ་ཁེ་ལས་ཀྱི་བསམ་འཆར་དང་གྲོས་འགོ་ནན་ཏན་གྱིས་འཚོལ་སྡུད་དང་ལེགས་སྒྲིག་བྱེད་པ་དང་ཁེ་ལས་ཀྱིས་བཏོན་པའི་དཀའ་ངལ་དང་གནད་དོན་ཞིབ་འཇུག་ཐག་གཅོད་བྱེད་དེ་སྔར་ལས་ལྷག་པའི་སྒོ་ནས་ཁེ་ལས་ཀྱི་འཕེལ་རྒྱས་ལ་རོགས་རམ་བྱེད་དགོས་པའི་བྱང་བྱ་བཏོན།

ལུའོ་ཁྲའོ་ཧྥུང་གིས་ཁེ་ལས་ཡུན་རིང་བདེ་ཆེན་དུ་གཞིས་ཚུགས་པ་དང་། བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཧུར་ཐག་ངང་འབུལ་བ་ལེགས་སྐྱེས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།  ཁོང་གིས་མིག་སྔར་བདེ་ཆེན་གྱི་འཕེལ་རྒྱས་ལ་གོ་སྐབས་གལ་ཆེན་འཕྲད་བཞིན་ཡོད། རྒྱ་ཆེའི་ཁེ་ལས་པ་ཚོས་ཡིད་ཆེས་བརྟན་དུ་གཏོང་བ་དང་གོ་སྐབས་དམ་འཛིན་གྱིས་སྔོན་ཚུད་ནས་ཇུས་འགོད་བྱས་ཏེ་རང་ངོས་ཀྱི་ངེས་གནས་སྔར་བས་གནད་ལ་འཁེལ་བ་དམིགས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་བདེ་ཆེན་འཕེལ་རྒྱས་དང་གོམ་སྟབས་གཅིག་གྱུར་བྱེད་དགོས་ཞེས་བསྟན།

ལུའོ་ཁྲའོ་ཧྥུང་གིས་བྱས་པ་ཅན་གྱི་སྲིད་གཞུང་དང་ཕན་ནུས་ལྡན་པའི་ཚོང་ར་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ཤུགས་ཆེན་འདོན་སྤྲོད་བྱེད་དགོས། སྲིད་གཞུང་སྡེ་ཁག་གིས་ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་བ། ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། རོགས་སྐྱོར་ལམ་སྲོལ་སྔར་བས་ལེགས་སུ་དང་འཐུས་ཚང་དུ་གཏོང་བ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་དང་སྲིད་ཇུས་བྱ་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་ནས། ཁེ་ལས་ཀྱི་འཕེལ་རྒྱས་ལ་ཁོར་ཡུག་ལེགས་པོ་ཞིག་གསར་འཛུགས་བྱེད་དགོས། ཁེ་ལས་ཀྱིས་བདེ་ཆེན་གྱིས་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་ཁྲོམ་རའི་དགོས་མཁོར་དམ་པོར་དམིགས་པ། ཧུར་ཐག་གིས་ལག་རྩལ་གསར་གཏོད། ཐོན་རྫས་གསར་གཏོད། དོ་དམ་གསར་གཏོད་བྱེད་ནས་ཚོང་རའི་འགྲན་རྩོད་ནུས་ཤུགས་རྒྱུན་མཐུད་མཐོ་རུ་གཏོང་དགོས། དྲང་སྙོམས་དྲང་གཞག་དང་སྲོལ་བཟང་སྤྱོད་བཟང་གི་ཚོང་རའི་ཁོར་ཡུག་ཞིག་འཛུགས་ནས་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་དང་ཁེ་ལས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས། ཁོར་ཡུག་སྲུང་སྐྱོང་སྔོན་ལ་འཇོག་པ་དང་གནོད་མེད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་ནས།དཔལ་འབྱོར་ཕན་ནུས་དང་ཁོར་ཡུག་ཕན་ནུས་མངོན་གྱུར་བྱུང་བར་འབད་བརྩོན་བྱེད་དགོས། ཐོན་ལས་གླིང་ཁུལ་དང་ཁུལ་རིམ་འབྲེལ་ཡོད་སྡེ་ཁག་གིས་ལམ་ལུགས་འཐུས་ཚང་གཏོང་བ་དང་ཁེ་ལས་ཀྱི་དཀའ་ངལ་ཐག་གཅོད་བྱེད་ནས་ཁེ་ལས་བདེ་ཆེན་དུ་བློ་བདེའི་ངང་དངུལ་འཇོག་དང་།བློ་བདེའི་ངང་གཉེར་སྐྱོང་།བློ་རྩེ་གཅིག་སྒྲིམ་གྱིས་གསར་གཏོད།བློ་རྩེ་གཅིག་སྒྲིམ་གྱིས་འཕེལ་རྒྱས་བཅས་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་།


ཁུལ་འགོ་ཁྲིད་ཁྲིན་ཆོན།ཧོང་ལུང་ཤིན།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར།  སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ། ཁུལ་རིམ་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཞུགས་མོལ་དུ་ཞུགས།