སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོཊ་ཐེངས་གསུམ་པ་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-05   རྩོམ་ཁུངས།    ཀྲུང་དབྱང་བོད་སྐད་རླུང་འཕྲིན།

  སེམས་ཤུགས་གཅིག་སྒྲིལ་གྱིས་མཛེས་སྡུག་ལྡན་པའི་ལེའུ་མཉམ་དུ་རྩོམ། སྙིང་སྟོབས་ཆེར་སྐྱེད་ཀྱིས་མུ་མཐུད་དུས་རབས་ཀྱི་ལེའུ་གསར་པ་འབྲི། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་ཀྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་སྤྱི་ཚེས་4ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འགོ་ཚུགས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2000ལྷག་ཙམ་གྱིས་ཀྲུང་གུང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལ་དམིགས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཇུས་འདོན་གྲོས་མོལ་ཧུར་ཐག་དང་། ཐུན་མོང་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྡུད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བཅས་བྱ་རྒྱུ་ཡིན་པ་རེད།

     སྤྱི་ཟླ་གསུམ་པའི་པེ་ཅིང་ནི་དཔྱིད་དཔལ་རབ་ཏུ་རྒྱས། མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ནང་གློག་འོད་རྣམ་པར་བཀྲ་ཞིང། སྤྲོ་སེམས་འཁོལ་བའི་རྣམ་པས་ཕྱུག ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་ཀྱི་ཚོགས་རྟགས་ཀྲུའུ་ཞིའི་སྟེགས་བུའི་ཡོལ་བའི་དཀྱིལ་དུ་བཀལ་ཡོད་པ་དང་། དམར་མདངས་རྒྱས་པའི་དར་དམར་བཅུ་གཞོགས་གཉིས་སུ་བསྒྲིགས་ཡོད།

     རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་དགོས་པའི་ཨུ་ཡོན་2154ཡོད་པ་དང་། དངོས་སུ་ཞུགས་པའི་ཨུ་ཡོན་2110ཡོད་པས། གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་ཡོད།

     རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥེང་། ཧུའུ་ཁྲུན་ཧྭ། ཧྲེན་ཡུའེ་ཡུའེ། ཝང་ཡུང་། ཀྲོའུ་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧོ་ཧོའུ་ཧྭ། ལེའང་ཀྲེན་ཡིང་། པ་ཐེར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲེན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥེང་། ཅང་ཤིན་ཀྲེ། ཅང་ཙུའོ་ཅུན། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཤིན། ཡང་ཀྲེན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་ཞུགས་ཡོད།

ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྲུའུ་ཞི་སྟེགས་བུའི་ཐོག་ཞུགས་ཡོད་པ་དང་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་ཡོད།

     ཕྱི་དྲོའི་ཆུ་ཚོད་3པར། ཧྲི་ཐའེ་ཧྥེང་གིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚང་མས་ཡར་བཞེངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།

     ཚོགས་ཆེན་ཐོག་དང་ཐོག་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་ཡོད།

     ཝང་ཧུའུ་ཉིང་གིས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་ལས་དོན་སྙན་ཞུ་ཕུལ་ཡོད།

     ཝང་ཧུའུ་ཉིང་གིས། སྤྱི་ལོ་2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་དང་། “ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་པ་དང་། བབ་བསྟུན་ཐག་གཅོད་དང་ཕྱོགས་བསྡུས་ཇུས་འདོན་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་འགྲུབ་བྱས་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་ཡོད་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པའི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད་ཅེས་གསུངས་པ་རེད།

     ཝང་ཧུའུ་ཉིང་གིས་འདས་ཟིན་པའི་ལོ་གཅིག་རིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་བསྡོམས་གནང་བ་རེད། ཁོང་གིས། སྤྱི་ལོ་2024ལོ་ནི་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གོང་འཕེལ་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཆེ་རུ་གཏོང་བ། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་བཅས་ཀྱིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་པ། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་གནས་ཚད་མཐའ་འཁྱོངས་བྱས་པ། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་འགན་འཁྲི་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་པ། མི་དམངས་སྲིད་གྲོས་ཀྱིས་མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པ་མཐའ་འཁྱོངས་བྱས་པ། བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགན་བསྒྲུབ་ནུས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱ་རྒྱུ་དེ་སྲིད་གྲོས་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོའི་ནང་དོན་འཁྱོལ་ཡོང་བ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སྔར་བས་ཁོང་དུ་ཆུད་པ་དང་། སྔར་ལས་ལྷག་པའི་ངང་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་པ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་པ། སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སྤེལ་བཅས་བྱས་ཏེ། ལས་དོན་ཁག་ལ་འཕེལ་རིམ་གསར་པ་ཐོབ་པར་བྱས་ཡོད་ཅེས་གསུངས་པ་རེད།

     ཝང་ཧུའུ་ཉིང་གིས། སྤྱི་ལོ་2025ལོ་ནི“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ”མཇུག་བསྡུ་བའི་ལོ་ཡིན་ལ། སྔར་ལས་ལྷག་པའི་ངང་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལོ་གལ་ཆེན་ཞིག་ཀྱང་ཡིན། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་གུང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་ཆབ་སྲིད་འགན་འཁྲི་ཏན་ཏིག་ཁུར་བ་བཅས་ཀྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་པོས“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་ལས་འགན་ལེགས་འགྲུབ་ཡོང་བར་རོགས་རམ་བྱེད་པ་དང་། “ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ”མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས་ཞེས་གསུངས་པ་རེད།

     ཝང་ཧུའུ་ཉིང་གིས། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོད་རྒྱུ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱེད་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་གཞིགས་ནས་ཇུས་འདོན་གྲོས་མོལ་བྱེད་པ། མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྒྱལ་ཁ་ཐོབ་ངེས་ཡིན་པའི་སེམས་ཤུགས་བརྟན་དུ་གཏོང་བ། འབད་འཐབ་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་པ་བཅས་ཀྱིས་དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཐོག་མི་དམངས་སྲིད་གྲོས་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཆེད་རྒྱ་ཁྱབ་ངང་མི་སེམས་གཅིག་སྒྲིལ་དང་། ཐུན་མོང་ངོས་འཛིན་གཅིག་སྡུད། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྡུད་བཅས་བྱ་དགོས་ཞེས་གསུངས་པ་རེད།

     རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཙུའོ་ཅུན་གྱིས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས། ཚོགས་ཆེན་ཐོག་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་གྱི་གནས་ཚུལ་སྙན་ཞུ་ཕུལ་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན། གྲོས་གཞི་ཁྱོན་6019བཏོན་པ་དང་། ཞིབ་བཤེར་བྱས་པ་བརྒྱུད་གྱོད་གཞི་5091ཐོ་འགོད་བྱས་པ། གྲོས་གཞི་བརྒྱ་ཆ་99.9ལ་བསྒྲུབས་ལན་སློག་ཡོད། གྲོས་གཞི་དེ་དག་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པའི་ངང་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ་སོགས་ལ་དམ་པོར་དམིགས་ཏེ་ཐབས་འདོན་ཇུས་འབུལ་བྱས་ཡོད་པ་དང་། བསམ་འཆར་དང་གྲོས་འགོ་མང་པོ་ཞིག་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་སུ་བསྒྱུར་ནས། འབྲེལ་ཡོད་གོང་འཕེལ་འཆར་འགོད་དང་། བཅའ་ཁྲིམས་ཁྲིམས་སྲོལ། ལམ་ལུགས་ཡིག་ཆ་བཅས་ཀྱི་ནང་དོན་འཁྱོལ་བྱུང་བས། གྲོས་གཞིའི་ནུས་པ་སྔར་ལས་ལྷག་པའི་སྒོ་ནས་མངོན་ཡོད།

     ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་པའི་འགོ་ཁྲིད་བློ་མཐུན་གྲས་སུ་ད་དུང་མ་ཤིང་རུའེ་དང་། ཝང་དབྱི། དབྱིན་ལི། ལིའུ་གོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ལི་ཧུང་ཀྲུང་། ཧོ་ཝེ་ཏུང་། ཧོ་ལི་ཧྥེང་། ཀྲང་ཡིའུ་ཞ། ཀྲང་གོ་ཆིང་། ཁྲེན་ཝུན་ཆིང་། ཁྲེན་ཅི་ཉིང་། ཁྲེན་རྨིན་ཨེར། ཡོན་ཅ་ཅུན། ཧོང་ཁུན་མིང་། ལིའུ་ཅིན་གོ། ཝང་ཞའོ་ཧུང་། ཝང་ཏུང་མིང་། ཤའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཧོ་ཝེ། ཝུའུ་ཝེ་ཧྭ། ཐིའེ་ཉིང་། ཕེང་ཆིང་ཧྭ། ཀྲང་ཆིང་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི•ཀྲ་ཁེར། ཝུའུ་ཀྲེང་ལུང་། ཧྲེན་དབྱི་ཆིན། ཀྲང་ཅུན། ཡིང་ཡུང་སོགས་ཡོད།

     ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཚན་པ་བཅས་ཀྱི་འགན་འཁུར་བློ་མཐུན་གདན་ཞུས་ལྟར་འགོ་ཚུགས་ཚོགས་འདུར་ཟུར་ཞུགས་གནང་ཡོད། ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཕོ་ཉ་དང་ཕྱིར་སྡོད་ཀྲུང་གོ་བ་སོགས་གདན་ཞུས་ལྟར་འགོ་ཚུགས་ཚོགས་འདུར་ཞུགས་ཡོད།