རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-06   རྩོམ་ཁུངས།    ཀྲུང་དབྱང་བོད་སྐད་རླུང་འཕྲིན།
སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་ཚེས་5ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་འགོ་ཚུགས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་ནས་ཚོགས་ཆེན་ལ་ཞུགས་ཡོད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ལག་ལེན་བསྟར་ཡོད།
མི་དམངས་ཚོགས་ཁང་ཆེན་མོའི་ཚོགས་ཁང་གི་རྣམ་པ་སྒམ་བརླིང་ལྡན་ལ་སྤྲོ་སྣང་གིས་ཁེངས་ཡོད། ཀྲུའུ་ཞི་སྟེགས་བུའི་ཡོལ་བའི་དཀྱིལ་དབུས་སུ་བཀལ་བའི་རྒྱལ་རྟགས་དང་ཚོགས་ཁང་ཐོག་དབུས་ཀྱི་སྐར་ལྔའི་དར་དམར་གཉིས་ཕན་ཚུན་གཅིག་རྒྱན་གཅིག་སྤྲས་སུ་གནས་ཡོད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཀྲའོ་ལེ་ཅིས་ཚོགས་ཆེན་གཙོ་སྐྱོང་གནང་ཡོད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལི་ཧུང་ཀྲུང་དང་། ཝང་ཏུང་མིང་། ཤའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུའུ་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཧོ་ཝེ། ཝུའུ་ཝེ་ཧྭ། ཐིའེ་ཉིང་། ཕེང་ཆིང་ཧྭ། ཀྲང་ཆིང་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི་བཀྲ་ཁེར། ལིའུ་ཆི་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་བཞུགས་ཡོད།
ཞི་ཅིན་ཕིང་དང་། ལི་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞུང་། ལི་ཞི། ཧན་ཀྲེང་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད།
སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་དགོས་པའི་འཐུས་མི་2929ཡོད། ཚེས་5ཉིན་གྱི་སྔ་དྲོའི་ཚོགས་འདུར་དངོས་སུ་ཞུགས་པའི་འཐུས་མི་2880ཡོད་པ་དང་། མི་49ཞུགས་ཐུབ་མེད། ཚོགས་འདུར་ཞུགས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
སྔ་དྲོའི་ཆུ་ཚོད་9པར། ཀྲའོ་ལེ་ཅིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
ཚོགས་རའི་ནང་གི་མི་ཚང་མ་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཡོད།
ཚོགས་འདུའི་གྲོས་རིམ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་ཞུ་གནང་ཡོད། སྙན་ཞུ་དེ་ཁྱོན་ཁག་གསུམ་ལ་དབྱེ་ཡོད་དེ། གཅིག 2024ལོའི་ལས་ཀའི་ཕྱིར་དྲན་དང་། གཉིས། 2025ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས། གསུམ། 2025ལོའི་སྲིད་གཞུང་ལས་དོན་གྱི་ལས་འགན་བཅས་ཡིན།
ལི་ཆང་གིས་སྙན་ཞུའི་ནང་། འདས་ཟིན་པའི་ལོ་གཅིག་ནང་རང་རྒྱལ་གྱི་གོང་འཕེལ་བརྒྱུད་རིམ་ནི་སྤྱིར་བཏང་མིན་པ་ཞིག་ཡིན། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཆེ་རུ་འགྲོ་བ་དང་ནང་ཁུལ་གྱི་དཀའ་ངལ་མང་དུ་འགྲོ་བའི་རྙོག་འཛིང་ཆེ་ལ་ཛ་དྲག་པའི་དུས་བབ་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ངང་མདུན་སྐྱོད་དང་དཀའ་གནད་འགག་སྒྲོལ་བྱས་པས། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་ཐོན་བྱུང་བ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་ཚད་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱུང་བ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་ཐུབ་པ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་བརྟན་པོའི་ངང་གོང་འཕེལ་ཕྱིན་པ། རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་སྲ་ཞིང་བརྟན་པའི་གོམ་སྟབས་གསར་པ་སྤོས་ཡོད་ཅིང་། ང་ཚོས་དུས་རབས་གསར་པའི་རྒྱལ་ལམ་གསར་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཆོད་སེམས་དང་སེམས་ཤུགས་སྔར་བས་བརྟན་དུ་ཕྱིན་ཡོད་ཅེས་བསྟན་གནང་ཡོད།
ལི་ཆང་གིས་སྙན་ཞུའི་ནང་། ལོ་གཅིག་རིང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་པ། ཏང་གི་འགོ་ཁྲིད་སྲིད་གཞུང་ལས་དོན་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལྟར་གཙོ་བོ་གཤམ་གསལ་གྱི་ལས་དོན་བསྒྲུབས་ཡོད་པ་སྟེ། གཅིག་ནི་ཡུལ་དུས་དང་བསྟུན་ཏེ་སྤྱི་ཁོག་སྙོམས་སྒྲིག་བྱེད་པར་ཤུགས་སྣོན་དང་གསར་གཏོད་བྱས་ནས། དཔལ་འབྱོར་སླར་གསོ་དང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། གཉིས་ནི་བློ་བརྟན་འགྱུར་མེད་ངང་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་དང་སྒོ་དབྱེ་རྒྱ་ཆེར་བཏང་ནས། གོང་འཕེལ་གྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་བ། གསུམ་ནི་གསར་གཏོད་ཀྱིས་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ཐོན་ལས་ཀྱི་གྲུབ་གཞི་ལེགས་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་བ། བཞི་ནི་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་གོང་འཕེལ་འགྲོ་རྒྱུར་གཅིག་གྱུར་འཆར་འགོད་བྱས་ནས། དཔལ་འབྱོར་གྱི་བཀོད་སྒྲིག་ལེགས་སུ་བཏང་བ། ལྔ་ནི་སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་ཧུར་ཐག་བཏང་ནས། དམངས་འཚོའི་བདེ་སྐྱིད་ཆེ་རུ་བཏང་བ། དྲུག་ནི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས། སྦགས་མེད་དང་ཐཱན་ཉུང་གོང་འཕེལ་གྱི་ཆུ་ཚད་མཐོ་རུ་བཏང་བ། བདུན་ནི་སྲིད་གཞུང་འཛུགས་སྐྱོང་དང་བཅོས་སྐྱོང་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱས་ཡོད་ཅེས་བསྟན་གནང་ཡོད།
ལི་ཆང་གིས་སྙན་ཞུའི་ནང་། གྲུབ་འབྲས་ཁས་ལེན་བྱས་པ་དང་ཆབས་ཅིག ང་ཚོས་འཕྲད་པའི་གནད་དོན་དང་འགྲན་རྩོད་ཀྱང་གསལ་པོར་མཐོང་ཐུབ་ཡོད། ང་ཚོས་དཀའ་ངལ་དང་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་དགོས་པ་མ་ཟད། གོང་འཕེལ་གཏོང་བའི་སེམས་ཤུགས་དེ་བས་བརྟན་དུ་གཏོང་དགོས་ཞེས་བསྟན་གནང་ཡོད།
ལི་ཆང་གིས་སྙན་ཞུའི་ནང་། ད་ལོ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་མཇུག་བསྡུ་བའི་ལོ་རེད། ད་ལོའི་གོང་འཕེལ་གྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ 5%ཡས་མས་འཕར་བ་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཤོར་གྱི་ཚད་དེ་5.5%ཡས་མས་ལ་ཚོད་འཛིན་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་ཐུབ་པའི་མི་བྱེ་བ་གཅིག་དང་ས་ཡ་གཉིས་ཡན་ཟིན་པ་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་2%ཡས་མས་ལ་ཚོད་འཛིན་བྱ་རྒྱུ། གྲོང་མིའི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་དེ་གོམ་པ་མཉམ་བགྲོད་ཡོང་བ་བྱ་རྒྱུ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ་བྱ་རྒྱུ། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཆིག་ཁྲི་བཞི་སྟོང་ཡས་མས་ཟིན་པ་བྱ་རྒྱུ། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་སྡེ་ཚན་རེ་རེའི་ནུས་ཁུངས་ཟད་གྲོན་དེ་3 %ཡས་མས་ཉུང་དུ་གཏོང་རྒྱུ། འབྱུང་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་སུ་འགྲོ་བ་བྱ་རྒྱུ་བཅས་ཡིན་ཞེས་བསྟན་གནང་ཡོད།
ལི་ཆང་གིས་སྙན་ཞུའི་ནང་། ད་ལོའི་དམིགས་འབེན་ལས་འགན་ལེགས་སྒྲུབ་ཡག་པོ་བྱེད་པར། ངེས་པར་དུ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤུས་མཐོའི་གོང་འཕེལ་གྱི་ལས་འགན་གལ་ཆེ་ཤོས་འདིར་དམ་འཛིན་བྱས་ཐོག སྤུས་ཚད་ཀྱི་ཐོག་ནས་རྒྱལ་ཁ་ལེན་པ་དང་གཞི་ཁྱོན་གྱི་ཕན་འབྲས་འདོན་སྤེལ་བྱེད་པ་གཉིས་ཕན་ཚུན་ཟུང་འབྲེལ་ཡག་པོ་བྱས་པ་བརྒྱུད། སྤུས་ཚད་ཀྱི་ཕན་འབྲས་ཆེ་རུ་ནུས་ལྡན་གཏོང་བ་དང་འབོར་ཚད་ཐད་ལུགས་མཐུན་འཕར་སྣོན་ཡོང་བ་བྱ་དགོས་ཞེས་བསྟན་གནང་ཡོད།
ལི་ཆང་གིས་སྙན་ཞུའི་ནང་། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ལས་འགན་ཧ་ཅང་ལྗིད་པོ་ཡོད། ང་ཚོས་གཙོ་གནད་མངོན་གསལ་དོད་དུ་གཏོང་བ་དང་གནད་འགག་ཁོང་དུ་ཆུད་པར་བྱས་ནས། གཤམ་གསལ་ཕྱོགས་འགའི་ཐད་ཀྱི་ལས་དོན་གཙོ་གནད་ཐོག་དམ་འཛིན་བྱེད་དགོས་པ་སྟེ། འཛད་སྤྱོད་ལ་སྐུལ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་མ་འཇོག་གི་ཕན་འབྲས་ཆེ་རུ་བཏང་ནས། རྒྱལ་ནང་གི་དགོས་མཁོ་ཕྱོགས་ཡོངས་ནས་རྒྱ་ཆེར་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་བཏང་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ། ཚན་རིག་དང་སློབ་གསོའི་ཐོག་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ། མཚོན་རྟགས་རང་བཞིན་གྱི་བསྒྱུར་བཅོས་བྱེད་ཐབས་མགྱོགས་མྱུར་ངང་ལག་ལེན་བསྟར་བར་སྐུལ་འདེད་བཏང་ནས། དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱེད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་ནས། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་རྒྱལ་གྱི་མ་དངུལ་བརྟན་པོ་ཡོང་བར་བྱེད་པ། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་འགོག་སེལ་ནུས་ལྡན་བྱས་ནས། མ་ལག་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཐིག་བརྟན་སྲུང་བྱེད་པ། ཞིང་གསུམ་གྱི་ལས་དོན་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་ནས། གོང་འཕེལ་ཀྱི་བར་ཁམས་གྲུབ་ཚུལ་སྔར་བས་ལེགས་སུ་གཏོང་བ། ཐཱན་ཉུང་གཏོང་དང་སྦགས་བཙོག་འབུད་བཤངས་ཉུང་གཏོང་ལྗང་མདོག་རྒྱ་སྐྱེད་དཔལ་འབྱོར་འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཕྱོགས་ཡོངས་ནས་སྦགས་མེད་བརྗེ་སྒྱུར་བྱ་རྒྱུ་མགྱོགས་སུ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་ཡིན་ཞེས་བསྟན་ཡོད།
སྙན་ཞུའི་ནང་། ལི་ཆང་གིས་ད་དུང་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་། མི་རིགས་དང་ཆོས་ལུགས་དང་ཕྱིར་སྡོད་རང་མིའི་ལས་དོན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། ཤང་ཀང་དང་ཨའོ་མོན་གོང་འཕེལ་དང་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ། དེ་བཞིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་སོགས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་རྒྱས་བཤད་གནང་ཡོད།
མཇུག་ཏུ་ལི་ཆང་གིས། སེམས་ཤུགས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ་དང་། དངོས་སྒྲུབ་ཀྱིས་ངོ་མཚར་ཆེ་བའི་ལེའུ་རྩོམ་འབྲི་བྱེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ། དཀའ་བ་དང་དུ་ལེན་པ་དང་བློ་སྟོབས་ཆེན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་བརྒྱུད། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཀྱི་དམིགས་འབེན་དང་ལས་འགན་ལེགས་འགྲུབ་ཧུར་ཐག་བྱེད་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་ལེགས་འགྲུབ་ཡོང་བའི་འགན་ལེན་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱ་དགོས་ཞེས་གསུངས་ཡོད།
ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ་དང་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་དང་2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས་དག་བཅོས་འཆར་ཟིན་སྐོར་ལ་གསལ་བཤད་གནང་བ་རེད།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས་དག་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་ནང་། འཐུས་མིའི་བཅའ་ཁྲིམས་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་ལྟར་འཐུས་མིའི་འགན་དབང་སྤྱོད་པ་དང་འཐུས་མིའི་འོས་འགན་བསྒྲུབ་པ། འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པ་བཅས་ཚད་ལྡན་དང་འགན་སྲུང་བྱེད་པའི་གཞི་རྩའི་བཅའ་ཁྲིམས་ཤིག་ཡིན་ཞེས་བསྟན་ཡོད། བཅའ་ཁྲིམས་འདི་ཁྱབ་བསྒྲགས་ལག་བསྟར་བྱས་པ་དེས་འཐུས་མིས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུ་ཚད་ལྡན་དང་འགན་ལེན་བྱ་རྒྱུ་དང་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་བྱ་རྒྱུ་བཅས་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བཅས་བྱེད་པར། དུས་དང་བསྟུན་ནས་འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་དགོས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་འགན་སྲུང་དང་སྐུལ་འདེད་གཏོང་དགོས་ཤིང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་མངོན་གསལ་དོད་པའི་བཟང་ཆ་སྔར་ལས་ལེགས་པ་འདོན་སྤེལ་བྱ་དགོས། འཐུས་མིའི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་ནི་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་འགྲོ་ལམ་དུ་བསྐྱོད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱེད་པའི་འགན་སྲུང་གལ་ཆེན་ཞིག་ཡིན་པ། དེ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་། རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དེ་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱེད་པའི་འཐུས་མིའི་ལས་ཁུངས་སུ་འགྱུར་བ་བྱེད་པའི་དོན་དངོས་ཀྱི་བླང་བྱ་ཞིག་རེད། འཐུས་མིའི་བཅའ་ཁྲིམས་དག་བཅོས་འཆར་ཟིན་ལ་ཁྱོན་དོན་ཚན་34ཡོད་པ་དང་། བཟོ་བཅོས་རྒྱག་པའི་ནང་དོན་གཙོ་བོ་གཤམ་གསལ་ལྟར་ཏེ། སྤྱིའི་རྩ་དོན་གྱི་གཏན་འབེབས་ཁག་གཅིག་འཐུས་ཚང་དུ་གཏོང་བ་དང་། “འབྲེལ་བ་གཉིས”ཀྱི་ལམ་ལུགས་ལམ་སྲོལ་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་བ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་ཀའི་ནུས་པ་འཛུགས་སྐྱོང་སྐོར་གྱི་འབྲེལ་ཡོད་གཏན་འབེབས་འཐུས་ཚང་དུ་གཏོང་བ། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་འཚོག་རིང་གི་འཐུས་མིའི་ལས་དོན་སྐོར་གྱི་འབྲེལ་ཡོད་གཏན་འབེབས་འཐུས་ཚང་དུ་གཏོང་བ། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་གྲོལ་རྗེས་རིང་གི་འཐུས་མིའི་བྱེད་སྒོའི་འབྲེལ་ཡོད་གཏན་འབེབས་འཐུས་ཚང་དུ་གཏོང་བ། འཐུས་མིས་འགན་འཁྲི་སྒྲུབ་པའི་འགན་སྲུང་གི་འབྲེལ་ཡོད་གཏན་འབེབས་འཐུས་ཚང་དུ་གཏོང་བ། འཐུས་མིའི་གྲོས་གཞི་དང་གྲོས་འགོ་བདག་གཉེར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འཐུས་མིའི་འགན་སྒྲུབ་དོ་དམ་ལྟ་སྐུལ་གྱི་འབྲེལ་ཡོད་གཏན་འབེབས་འཐུས་ཚང་དུ་གཏོང་བ། ལྟ་ཞིབ་སྒྲིག་གཞི་བསྒྱུར་བཅོས་ཀྱི་དགོས་མཁོ་དང་བསྟུན་ནས་འབྲེལ་ཡོད་ནང་དོན་ཁ་གསབ་བྱ་རྒྱུ་བཅས་ཡིན།
ཀྲུའུ་ཞིའི་སྟེགས་བུའི་ཐོག་བཞུགས་མཁན་གྲས་སུ་ད་དུང་། མཱ་ཤིན་རུའེ་དང་། ཝང་དབྱི། དབྱིན་ལི། ཧྲི་ཐའེ་ཧྥེང་། ལིའུ་གོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ཧོ་ཝེ་ཏུང་། ཧོ་ལི་ཧྥེང་། ཀྲང་ཡིའུ་ཞ། ཀྲང་གོ་ཆིང་། ཁྲེན་ཝུན་ཆིང་། ཁྲེན་ཅི་ཉིང་། ཁྲེན་མིན་ཨེར། ཡོན་ཅ་ཅུན། ཧོང་ཁུན་མིང་། ལིའུ་ཅིན་གོ། ཝང་ཞའོ་ཧུང་སོགས་ཡོད།
ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་ཚོགས་འདུར་ཟུར་ཞུགས་གནང་བ་དང་འབྲེལ་ཀྲུའུ་ཞིའི་སྟེགས་བུའི་ཐོག་བཞུགས་ཡོད།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་མཁན་སྲིད་གྲོས་ཨུ་ཡོན་ཚོགས་ཆེན་དུ་ཟུར་ཞུགས་གནང་བ་རེད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་བཅིངས་འགྲོལ་དམག་གི་འབྲེལ་ཡོད་ཚན་པ། དྲག་ཆས་ཉེན་རྟོག་དཔུང་སྡེ། མི་དམངས་ཚོགས་པ་ཁག་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཚོགས་ཆེན་ལ་ཟུར་ཞུགས་སམ་ཟུར་དུ་གསན་གནང་ཡོད།
ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཕོ་ཉས་ཚོགས་ཆེན་ཟུར་ཉན་གནང་ཡོད།