རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-14   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྣམ་བཤད་གནད་བསྡུས》དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུགས་བརྙན་ཡིན་པས་དེ་མི་སེམས་གཏད་ཕྱོགས་དང་འབྲེལ་བ་ཡོད་ཅིང་། དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྒྱལ་ཕམ་ཐག་གཅོད་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་ལ་འབེབས་པ་དང་དོན་འཁྱོལ་བྱེད་འགོ་བཙུགས་ནས་གནད་དོན་ཐག་གཅོད་བྱས་ཏེ། གོང་ནས་འོག་བར་དང་གོང་དཔེ་འོག་སྟོན་མཐའ་འཁྱོངས་ཀྱིས་དུས་བབ་གསར་པའི་འོག་སྤྱོད་ཚུལ་འཛུགས་སྐྱོང་ཐད་ཅི་ཞིག་དམ་འཛིན་དང་ཇི་ལྟར་དམ་འཛིན་བྱེད་པའི་གནད་དོན་ཐག་གཅོད་བྱས་ཡོད། གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱས་མ་ཐག་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་འགོ་ཚུགས་ནས་ཏང་སྲོལ་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་བ་དང་སྤྱི་ཚོགས་ཀྱི་སྤྱོད་ཚུལ་དང་དམངས་སྲོལ་མུ་མཐུད་ལེགས་སུ་ཕྱིན་པ་དང་། རང་རེའི་ཏང་གིས་སྤྱོད་ཚུལ་འཛུགས་སྐྱོང་གི་རྣམ་པ་གསར་པར་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་དམིགས་ནས་གནང་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ནི་བརྗོད་དོན་རྒྱ་ཆེ་གཏིང་ཟབ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡིན་པས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་དང་སྙིང་རུས་ལྷོད་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ་དང་། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་ལྡན་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ། ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པའི་ཚད་མཐོའི་རང་རྟོགས་རྒྱུན་འཁྱོངས་བྱེད་པ། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོ་སྤྱད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཏང་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་བརྟན་པོ་ཞིག་ཏུ་འགྱུར་རྒྱུ་འགན་ལེན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ལ་སྐུལ་འདེད་གཏོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།
《རྣམ་བཤད་གནད་བསྡུས》དེ་ཆེད་དོན་ཁག་9ལ་ཕྱེ་ཡོད་པ་དང་ཁྱོན་རྣམ་བཤད་དུམ་བུ་299ཡོད་པ་དེ་བློ་མཐུན་ཞི་ཅིན་ཕིང་གི་2012ལོའི་ཟླ་11པ་ནས་2025ལོའི་ཟླ་2པའི་བར་གྱི་སྙན་སྒྲོན་དང་། གསུང་བཤད། མཛུབ་སྟོན། གླེང་གཞི་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་130ལྷག་ཙམ་ནས་བཏུས་ཡོད་པ་དང་། དེའི་ནང་གི་རྣམ་བཤད་ཁག་གཅིག་ནི་ཡོངས་བསྒྲགས་བྱེད་ཐེངས་དང་པོ་རེད།