གཏན་འབེབས་དོན་ཚན་བརྒྱད་ཀྱི་སློབ་སྦྱོང་སློབ་གསོ་བཀོད་སྒྲིག་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-14   རྩོམ་ཁུངས།    中央广播电视总台藏语

    ཀྲུང་དབྱང་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་སྤྱི་ཚེས་12ཉིན་ཚོགས་འདུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཚའེ་ཆི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཞི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་ཡོད།
    ཚོགས་འདུའི་ཐོག ཏང་ཀྲུང་དབྱང་གིས་སྤྱི་ལོ་2025ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་གྲོལ་རྗེས་ནས་སྤྱི་ཟླ་7པའི་བར་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་ནས། ཁོང་སྐུ་ངོ་མས་སློབ་སྦྱོང་སློབ་གསོའི་བརྗོད་དོན་གཙོ་བོ་ཇུས་འགོད་དང་གཏན་འཁེལ་གནང་བ་དང་། གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གནང་ནས། སློབ་སྦྱོང་སློབ་གསོ་སྤེལ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད།   ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས《ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སློབ་སྦྱོང་དང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཡོད། ནན་ཏན་ངང་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད།
    ཚོགས་འདུའི་ཐོག ཐེངས་འདིའི་སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཏང་ཡོན་དང་། ལས་བྱེད་པས་སྙིང་རུས་གཏན་འཁྱོངས་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་བསྟར་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་མཐུད་ལེགས་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། “སྦྱོང་བཤེར་བཅོས”གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་བཅས་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བའི་ཕན་འབྲས་དང་ཉམས་མྱོང་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་བསྡོམས་བྱེད་པ།   ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཐད་ཐོན་པའི་གནད་དོན་ལ་ཁྱོན་ཡོངས་ནས་འཚོལ་བཤེར་གཏིང་ཟབ་བྱེད་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཉེན་ཟོན་སློབ་གསོར་ཤུགས་སྣོན་རྒྱག་པ། གཅིག་སྡུད་བཅོས་སྒྲིག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། སྦྱོང་བར་སྤུས་ཚད་ཡོད་པ་དང་། ཞིབ་བཤེར་ལ་ཤུགས་ཚད་ལྡན་པ། བཅོས་སྒྲིག་ལ་ཕན་འབྲས་ཐོན་པ་བཅས་ཡོང་རྒྱུར་འགན་ལེན་བྱེད་དགོས། རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡིས་སློབ་སྦྱོང་སློབ་གསོར་སྤྱིའི་འགན་ཡག་པོ་འཁུར་ཐོག རིགས་དབྱེ་མཛུབ་སྟོན་རྒྱུན་འཁྱོངས་དང་། ཕྱི་ཚུལ་རིང་ལུགས་བཀག་འགོག “ངོ་གཉིས་མའི་སྣང་ཚུལ”མཐའ་གཅིག་ཏུ་སྔོན་འགོག དྲིལ་བསྒྲགས་ཁྲིད་སྟོན་ལ་སྣང་ཆེན་བཅས་བྱས་ཏེ། གོ་རིམ་ཡོད་ལ་ཕན་འབྲས་ལྡན་པའི་སྒོ་ནས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད། 
    ལི་ཀན་ཅེ་དང་། ལི་ཧྲུའུ་ལེ། མུའུ་ཧུང་། ཅང་ཤིན་ཀྲེ་བཅས་ཚོགས་འདུར་ཞུགས་ཡོད།
    ཀྲུང་དབྱང་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་སོགས་ཚོགས་འདུར་ཞུགས་ཡོད།