རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-18   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་6པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་དང་དོན་འཁྱོལ་བྱེད་དགོས》ཞེས་པ་བཀོད་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2013ལོའི་ཟླ་11པ་ནས་2025ལོའི་ཟླ་2པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བསྡུས་ཤིག་རེད།
རྩོམ་ཡིག་ནང་ནན་བཤད་གནང་དོན། གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་བྱེད་པའི་ཐད་ཀྱི་རང་རེའི་ཏང་གི་ལྟ་བ་ནི་ཁ་གསལ་ལ་མཐའ་གཅིག་ཏུ་འཛིན་པ་ཞིག་ཡིན་པ་མ་ཟད། རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བ་ལས་གཡོ་འགུལ་སྤུ་ཙམ་ཡང་ཐེབས་མྱོང་མེད། རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ནང་རྩ་ཁྲིམས་དང་ཏང་གི་སྒྲིག་ཡིག་བཀོད་ཡོད། དེར་འགྱུར་བ་འགྲོ་མི་སྲིད་ལ་འགྱུར་བའང་གཏོང་མི་རུང་། ཏང་དང་རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱིས་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱིས་ཁྲིམས་ལྟར་ཐོན་སྐྱེད་རྒྱུ་རྐྱེན་འདྲ་མཉམ་ངང་སྤྱོད་པ་དང་། ཁྲོམ་རའི་འགྲན་རྩོད་ནང་འདྲ་མཉམ་ངང་ཞུགས་པ། བཅའ་ཁྲིམས་ཀྱི་སྲུང་སྐྱོང་འདྲ་མཉམ་ངང་ཐོབ་པ་བཅས་ཀྱི་འགན་ལེན་བྱས་ཏེ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱི་ལེགས་ཆ་ཕན་ཚུན་གསབ་རེས་དང་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས།
རྩོམ་ཡིག་ནང་བསྟན་དོན། རང་རྒྱལ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ནི་དུས་ཡུན་རིང་པོའི་ནང་རྒྱལ་ཁབ་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་ཆགས་པ་ཞིག་ཡིན་ཞིང་། རྒྱལ་ཁབ་འཛུགས་སྐྲུན་དང་། རྒྱལ་སྲུང་བདེ་འཇགས། མི་དམངས་ཀྱི་འཚོ་བ་ལེགས་གཏོང་བཅས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པས་མི་དམངས་ཡོངས་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་རེད། གཞུང་ཁོངས་ཁེ་ལས་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ཚན་རྩལ་ཡར་ཐོན། རྒྱལ་སྲུང་འཛུགས་སྐྲུན། དམངས་འཚོ་ལེགས་གཏོང་བཅས་ལ་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག་ཡོད། དེ་ནི་རང་རེའི་ཏང་གིས་སྲིད་སྐྱོང་རྒྱལ་དར་གྱི་ཀ་རྟེན་གལ་ཆེན་དང་བརྟེན་སའི་སྟོབས་ཤུགས་ཤིག་རེད། གཞུང་ཁོངས་ཁེ་ལས་འཛུགས་སྐྲུན་ཡག་པོ་དང་བཟོ་པའི་གྲལ་རིམ་གྱིས་ནུས་པ་ཡག་པོ་འདོན་རྒྱུ་དེ་ཏང་གི་སྲིད་འཛིན་གནས་བབ་སྲ་བརྟན་དུ་གཏོང་བ་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་སྲ་བརྟན་དུ་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་ཞིག་རེད།
རྩོམ་ཡིག་ནང་བསྟན་དོན། རང་རྒྱལ་གྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་ཆུང་བ་ནས་ཆེ་བ་དང་ཉམས་ཞན་ནས་སྟོབས་ཆེར་སོང་བ་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་དང་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་བྱུང་བ་ཞིག་རེད། དུས་ཡུན་རིང་པོའི་ནང་། རང་རྒྱལ་གྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་བྱུང་ནས་བརྟན་པོའི་ངང་འཕར་བ་དང་། གསར་གཏོད་ལ་སྐུལ་འདེད་གཏོང་བ། ལས་ཞུགས་མང་དུ་གཏོང་བ། དམངས་འཚོ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་གཞག་ཁྲོད་ཀྱི་དམངས་གཉེར་དཔལ་འབྱོར་གྱི་གནས་བབ་དང་ནུས་པར་འཛིན་པའི་ངོས་འཛིན་དང་།དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཏང་དང་རྒྱལ་ཁབ་ཀྱིས་བཏོན་པའི་མཛད་ཕྱོགས་དང་སྲིད་ཇུས་སྐོར་ལ། རང་རེའི་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ནི་གཅིག་རྒྱུན་གཅིག་འཛིན་དང་དུས་བསྟུན་འཕེལ་རྒྱས་གཏོང་བ་ཞིག་རེད། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཏང་དང་རྒྱལ་ཁབ་ཀྱི་གཞི་རྩའི་མཛད་ཕྱོགས་དང་སྲིད་ཇུས་དག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མ་ལག་ནང་བཅུག་ཅིང་། འགོ་ནས་མཇུག་བར་མཐའ་འཁྱོངས་དང་དོན་འཁྱོལ་བྱེད་པ་ལས་འགྱུར་བ་གཏོང་མི་རུང་ལ་འགྱུར་བའང་འགྲོ་མི་སྲིད། ང་ཚོས་ཐོག་མཐའ་བར་གསུམ་དུ་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པ་ལ་ལྟ་སྟངས་གཅིག་པ་འཛིན་ནས་དམངས་གཉེར་ཁེ་ལས་ལ་དཀའ་ངལ་འཕྲད་སྐབས་རྒྱབ་སྐྱོར་དང་། དམངས་གཉེར་ཁེ་ལས་ལ་དཀའ་གནད་འཕྲད་སྐབས་མཛུབ་ཁྲིད་བྱེད་དགོས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་ཤིང་བྱས་ན་བྱེད་གཞི་ཆེན་པོ་ཡོད། དེས་ན་རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་འཇོན་ཐང་ཆེན་པོ་ངོམ་པའི་དུས་ལ་བབས་ཡོད།
རྩོམ་ཡིག་ནང་། ང་ཚོས་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་བ་དེ་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་ལྕག་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་པ་དང་འགལ་ཟླར་གྱུར་པ་མིན་པར་གཅིག་གྱུར་དམ་ཟབ་ཅིག་རེད་ཅེས་ནན་བཤད་བྱེད་ཀྱི་ཡོད། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་ཚང་མ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་དང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་རྨང་གཞི་གལ་ཆེན་ཞིག་རེད། ང་ཚོའི་རྒྱལ་ཁབ་ས་རྒྱ་ཆེ་ལ་མི་འབོར་མང་ཁར། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་གནས་པ་མ་ཟད་ཡུན་རིང་གནས་རྒྱུ་ཡིན་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཕྱོགས་ཁག་ཚང་མས་སེམས་མཐུན་ཤུགས་སྒྲིལ་དང་ཕྱར་བ་གྲུ་འདེགས་བྱེད་དགོས། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་གཅིག་ངོ་གཅིག་བརྒྱན་ཡིན་པ་ལས། ཕན་ཚུན་ཟུར་འབུད་དང་མགོ་གཏུག་གཏོང་བ་ཞིག་མིན། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ལ་གཞི་ཚུགས་ནས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱེད་དགོས་ཞེས་བསྟན་ཡོད།