《འཛད་སྤྱོད་འཕེལ་བའི་ཆེད་དོན་བྱ་སྤྱོད་ཇུས་གཞི》བཀྲམ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-18   རྩོམ་ཁུངས།    中国西藏新闻网

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།

《འཛད་སྤྱོད་འཕེལ་བའི་ཆེད་དོན་བྱ་སྤྱོད་ཇུས་གཞི》བཀྲམ་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《འཛད་སྤྱོད་འཕེལ་བའི་ཆེད་དོན་བྱ་སྤྱོད་ཇུས་གཞི》བཀྲམ་པ་དང་འབྲེལ། བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དང་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    བྱ་སྤྱོད་ཀྱི་ཇུས་གཞིའི་ནང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དང་། འཛད་སྤྱོད་ཀྱི་ནུས་པ་འགན་ལེན་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད། འཛད་སྤྱོད་ཞབས་ཞུའི་སྤུས་ཚད་མཐོར་གཏོང་གི་དམངས་ཕན་བྱ་སྤྱོད། འཛད་སྤྱོད་ཆེ་གྲས་གསར་སྒྱུར་རིམ་སྤོར་གྱི་བྱ་སྤྱོད། འཛད་སྤྱོད་ཀྱི་སྤུས་ཚད་མཐོར་གཏོང་བྱ་སྤྱོད། འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་གཏོང་བྱ་སྤྱོད། ཚོད་འཛིན་བྱེད་ཐབས་གཙང་བཤེར་ལེགས་གཏོང་བྱ་སྤྱོད། རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ་བཅས་ཚུད་པའི་ཕྱོགས་8ཀྱི་གཙོ་གནད་ལས་འགན་ཁག་30བཀོད་སྒྲིག་བྱས་ཡོད་པ་རེད།

    བྱ་སྤྱོད་ཇུས་གཞིའི་ནང་། གླ་ཕོགས་རང་བཞིན་གྱི་ཡོང་འབབ་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་བཏང་ནས་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་རྒྱ་ཆེར་གཏོང་བ་དང་། “རྒན་གཅིག་གཞོན་གཅིག”གི་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་བཏང་ནས། རིག་གནས་ལུས་རྩལ་དང་ཡུལ་སྐོར་འཛད་སྤྱོད་རྒྱ་ཆེར་གཏོང་བ་དང་། གངས་འཁྱགས་འཛད་སྤྱོད་ལ་སྐུལ་འདེད་བཏང་སྟེ་རྒྱལ་མཚམས་ནང་འཛུལ་བའི་འཛད་སྤྱོད་འཕེལ་རྒྱས་གཏོང་བ། འཛད་ཟོག་རྙིང་པ་གསར་པར་བརྗེ་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། སྡོད་ཁང་འཛད་སྤྱོད་ཀྱི་དགོས་མཁོ་དེ་བས་ལེགས་པ་སྐོང་བ་དང་རླངས་འཁོར་འཛད་སྤྱོད་ཀྱི་འབྲེལ་ཐག་སྣུར་སྲིང་བྱེད་དགོས་པ་བཅས་ཁ་གསལ་བཏོན་ཡོད་པ་རེད།

    ངལ་གསོ་དང་འཁོར་ཞག་གི་ཁེ་དབང་འགན་སྲུང་བྱེད་པའི་ཐད་བྱ་སྤྱོད་ཇུས་གཞིའི་ནང་། ཕོགས་ལྡན་འཁོར་ཞག་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས་པ་དང་། ཕོགས་ལྡན་འཁོར་ཞག་དང་གུང་གསེང་ཆུང་ངུའི་ངལ་གསོ་བསྟུད་མར་རྒྱག་པར་སྐུལ་མ་བཏང་ནས་སྟབས་བསྟུན་འཚང་གཡོལ་ངང་འཁོར་ཞག་འཇོག་དགོས། ངལ་རྩོལ་པའི་ངལ་གསོ་དང་འཁོར་ཞག་གི་ཁེ་དབང་ཁྲིམས་ལྟར་འགན་ལེན་བྱེད་པ་ལས། ངལ་རྩོལ་པའི་ལས་ཀའི་དུས་ཚོད་ཁྲིམས་འགལ་ངང་རིང་དུ་གཏོང་མི་ཆོག ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་གྲྭ་འབྲིང་ཆུང་གི་དཔྱིད་དུས་དང་སྟོན་དུས་ཀྱི་ངལ་གསོ་བཀོད་སྒྲིག་བྱ་རྒྱུ་འཚོལ་ཞིབ་བྱེད་པར་སྐུལ་མ་གཏོང་དགོས་པ་བཅས་ཁ་གསལ་བཏོན་ཡོད་པ་རེད།

    ཕྲུ་གུ་གསོ་སྐྱོང་གི་ཁ་གསབ་ལམ་ལུགས་ཞིབ་འཇུག་བྱས་ཏེ་བཙུགས་ནས། སློབ་ལོ་ལོན་པའི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་དུ་ཡོང་བའི་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་མཐོ་རུ་འོས་འཚམ་གཏོང་བ་སོགས་ཀྱི་བྱ་སྤྱོད་ཇུས་གཞིའི་ནང་མི་སེར་གྱིས་དོ་ཁུར་བྱེད་པའི་སྨན་བཅོས་སློབ་གསོ་དང་རྒན་གསོ་བུ་བཅོལ་སོགས་ཀྱི་གནད་དོན་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་ནས་མི་སེར་གྱི་སེམས་ཁྲལ་ཆུང་དུ་གཏོང་རྒྱུ་རེད།