རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-19   རྩོམ་ཁུངས།    人民网藏文
ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ) བཀྲམ་པ་རེད།
《བརྡ་ཐོ》ཡི་ནང་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་ལྡན་ཅན་དང་ནུས་པ་རྒྱུན་ཐོན་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། ཏང་ཀྲུང་དབྱང་གི་མོས་མཐུན་ཐོབ་པ་བརྒྱུད། ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ(གཤམ་དུ“སློབ་སྦྱོང་སློབ་གསོ”ཞེས་བསྡུ་རྒྱུ)སྤེལ་རྒྱུ་རེད། སློབ་སྦྱོང་སློབ་གསོ་དེ་2025ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་གྲོལ་རྗེས་འགོ་ཚུགས་རྒྱུ་དང་ཟླ་7པའི་ཟླ་མཇུག་གོང་གཞི་རྩའི་ཆ་ནས་མཇུག་འགྲིལ་རྒྱུ་རེད།
《བརྡ་ཐོ》ཡི་ནང་གསལ་པོ་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་།ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་རྒྱུ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཏང་ཡོངས་སྒྲིག་འཛུགས་བྱས་ནས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ནན་ཏན་ངང་སློབ་སྦྱོང་བྱེད་པ་དང་གོ་བ་ལེན་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་རྒྱུ་དང་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པར་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་འགལ་བའི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པ། སྤྱོད་ཚུལ་གྱི་གནད་དོན་རུལ་སུངས་ལ་འགྱུར་བའི་གྱོད་དཔེ་དྲངས་ནས་ཉེན་བརྡའི་སློབ་གསོར་ཤུགས་སྣོན་རྒྱག་པ། ཏང་ཡོན་དང་ལས་བྱེད་པར་ཏང་གཤིས་སྦྱོང་བརྡར་བྱས་ནས་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་རྒྱུའི་ཁྲིད་སྟོན་བྱེད་པ། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ། སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པར་བརྟེན་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་རྒྱུན་ཆད་མེད་པར་ཐོབ་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འགན་སྲུང་ནུས་ལྡན་བྱེད་དགོས།
《བརྡ་ཐོའི》ནང་ནན་བཤད་བྱས་དོན། བརྗོད་དོན་གཙོ་བོར་དམིགས་པ་དང་སྟབས་བསྡུས་དངོས་སྒྲུབ་མཐའ་འཁྱོངས་བྱས་ཏེ། ཁག་ཐེངས་དང་དུས་མཚམས་མི་འབྱེད་པར་སློབ་སྦྱོང་དང་ཞིབ་བཤེར་བཅོས་སྒྲིག་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས་ལ་རྒྱུན་གཏན་ནང་མཉམ་འདྲེས་དང་རྒྱུན་དུ་དམ་འཛིན་ཡང་བྱེད་དགོས། སློབ་སྦྱོང་དང་ཞིབ་བསྡུར་བྱེད་སྐབས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པའི་ཕན་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་དང་སློབ་སྦྱོང་བྱས་ཏེ། ངོས་འཛིན་མཐོར་གཏོང་དང་ཡིད་ཆེས་ཆེ་རུ་བཏང་ནས་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། གནད་དོན་བཤེར་འདོན་བྱེད་སྐབས་ཚད་གཞི་དང་ཡང་ཡང་བསྡུར་ནས་བཤེར་འདོན་བྱེད་དགོས་ཤིང་། སྒྲིག་བཤེར་ལྟ་ཞིབ་དང་། སྐོར་ཞིབ་ལྟ་ཞིབ། རྩིས་བཤེར་ལྟ་སྐུལ། ནོར་དོན་ལྟ་ཞིབ། ལྟ་སྐུལ་ཞིབ་བཤེར། བརྟག་དཔྱད་ཞིབ་འཇུག ཡིག་འབུལ་ཞུ་བཅར་གོང་ཞུ་སོགས་ཀྱི་ཐབས་ལམ་གང་ལེགས་སྤྱད་དེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཐད་ལྷག་པའི་གནད་དོན་ཕྱོགས་ཡོངས་དང་གཏིང་ཟབ་པོས་བཤེར་འཚོལ་བྱེད་དགོས། གཅིག་སྡུད་བཅོས་སྒྲིག་བྱེད་སྐབས་གནད་དོན་གང་ཡོད་ན་དེ་ཐག་གཅོད་བྱེད་རྒྱུ་དང་གནད་དོན་གང་མངོན་གསལ་དོད་ན་དེ་གཙོ་གནད་དུ་བཟུང་ནས་བཅོས་སྒྲིག་མཐའ་འཁྱོངས་བྱས་ཏེ། འཕྲལ་བཤེར་འཕྲལ་བཅོས་དང་འཕྲལ་རྟོགས་འཕྲལ་བཅོས་བྱེད་དགོས། སྒོ་ཕྱེ་ནས་སློབ་གསོ་སྤེལ་སྐབས་མང་ཚོགས་ཞུགས་རྒྱུར་མཐོང་ཆེན་བྱས་ནས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ་དང་། ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ལས་གནས་སུ་གཞི་ཚུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དཀའ་ཉེན་བྲེལ་ལྕིའི་ལས་འགན་ལེགས་སྒྲུབ་བྱེད་པའི་རིང་ཐེག་འཁུར་བྱས་འཇོག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་མང་ཚོགས་ལ་ཚོར་རེག་ཐུབ་པར་བྱེད་དགོས།
《བརྡ་ཐོའི》ནང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ཚན་པ་དེ་ག་བཅས་ཀྱི་སློབ་སྦྱོང་སློབ་གསོའི་སྤྱི་འགན་འཁུར་བ་དང་། ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁུར་བ་དང་པོའི་འགན་འཁྲི་འཁུར་ཏེ་ལྟེ་བའི་ལས་དོན་དང་ཟུང་འབྲེལ་དམ་ཟབ་དང་། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས། རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན། དྲིལ་བསྒྲགས་དང་ཁྲིད་སྟོན་ཡག་པོ་བཅས་བྱེད་དགོས་ལ། ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུའང་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། (སྤེན་ཚེས་བསྒྱུར། སྤེན་ཚེ་དང་སྐལ་མཆོག་གིས་ཞུས)